དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་ལུ་མ་མཁར་གྲོང་ཚོའི་འཕེལ་རྒྱས་ལམ་བུར་གཟིཌ་དང་།

    རྩྭ་ཆུ་གང་བཟང་དུ་སྐྱས་སྤོ་བ་ནས་བདེ་སྐྱིད་ལམ་བུར་སྐྱོད་པའི་བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-09

    མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་དུ་ལུ་མ་མཁར་ཟེར་བའི་གྲོང་ཚོ་ཞིག་ཡོད་པ་དེ་ས་མཐོའི་འབྲོག་ར་འགའ་ཞིག་གི་དཀྱིལ་དུ་ཁ་ཁུ་སིམ་པོར་ཆཌ་ཡོད། དེ་ནི་འབྲོག་པ་རྣམས་མི་རབས་ནས་མི་རབས་བར་དུ་འཚོ་བ་སྐྱེལ་སའི་ཁྱིམ་གཞིས་རེད། ལོ་ངོ་60ཡི་གོང་གི་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཐོག་མའི་དུས་སུ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་ལུ་མ་མཁར་གྲོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཤིན་ཏུ་སྐྱོ་བའི་སྒང་ལ་རྨང་གཞིའི་སྒྲིག་བཀོད་ཀྱང་ཡག་པོ་མེད་པའི་དཔེ་མཚོན་གྱི་ས་མཐོའི་འབྲོག་ཁུལ་གྱི་གྲོང་ཚོ་ཞིག་རེད།

    ཟླ་6ཚེས་10ཉིན་ཞོགས་པའི་ཉི་འོད་རི་རྩེར་ཐོག་མར་འཕྲོ་བའི་དུས་སུ་གསར་འགོད་པ་དང་བཅས་པ་ལུ་མ་མཁར་གྲོང་ཚོར་སྐྱོད། མདའ་གཡབ་དམར་པོ་དང་གྱང་དཀར་པོའི་བོད་བཟོའི་ཁང་པ་གྲལ་སྟར་འགྲིག་པོར་བསྐྲུན་ཞིང་། ཉི་འོད་འཕྲོས་རྗེས་ཐོག་སོ་ཉིས་ལྡན་གྱི་ཡུལ་མིའི་སྡོད་ཁང་དེ་དག་ནས་དམར་མདངས་རབ་ཏུ་འཚེར། ཁང་པའི་ཐོག་ཁར་བཙུགས་པའི་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་ལ། ཐལ་མདོག་གི་ཨར་འདམ་ལམ་བུས་གཅིག་ཏུ་འབྲེལ་བའི་ཁྱིམ་ཚང་ཚང་མ་གཅིག་གིས་གཅིག་ལ་མཐུད་ཅིང་། སྒོའི་མདུན་གྱི་གསར་དུ་བཏབ་པའི་རྒྱ་ལྕང་ལ་མཆེ་བ་བཏང་བ་སོགས། ཡུལ་དེའི་གང་ས་གང་དུ་སྔོ་མདངས་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་འགོ་ཚུགས།

    རྩྭ་ཆུ་གང་བཟང་དུ་སྐྱས་སྤོ་བ་ནས་བདེ་སྡོད་བྱུང་བའི་བར།

    ཡུལ་མི་ཨ་རྡོར་གྱི་ཁྱིམ་གསར་པ་མི་རིགས་གྲོང་ཚོ་གསར་རྐྱང་དེའི་ནང་དུ་ཡོད། ལོ་59ལ་སླེབས་པའི་ཨ་རྡོར་ཁྱིམ་གྱི་གཙང་སྦྲ་དོད་པའི་སྒོ་རའི་ནང་ནས་ཚ་བོ་དང་ཚ་མོའི་རྩེད་འཇོར་རོལ་བའི་དགོད་སྒྲ་ལྷང་ལྷང་དུ་གྲགས། ཁང་པའི་ནང་དུ་བསྒྲིགས་པའི་བོད་བཟོའི་ཆ་སྒམ་དང་ཅོག་ཙེ་ལ་སོགས་གནའ་ཉམས་དོད་ལ་བབ་ཆགས་པ་དང་། སྲོལ་རྒྱུན་གྱི་ལྕཌ་ཐབ་ནང་མེ་བཏང་སྟེ་ཁང་པ་ཚ་འུར་འུར་དུ་གྱུར་ལ། ཅོག་ཙེའི་སྟེང་དུ་ཕྱུར་བ་ལ་སོགས་ཟས་རིགས་སྣ་ཚོགས་བསྒྲིགས་འདུག

    ཨ་རྡོར་ནི་ད་ལོའི་ཟླ་3པར་སྡོད་ཁང་གསར་པར་སྤོས་ཤིང་། དང་ཐོག་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འཚེར་སྣང་ཆེ་ཙམ་བྱེད་མོད། འོན་ཀྱང་གསར་འགོད་པ་དེ་གར་ཡོང་དོན་ཤེས་རྗེས་ཁོ་པའི་གཏམ་གྱི་སྒོ་མོ་ཡང་རིམ་བཞིན་ཕྱེ།

    “ང་ཆུང་བྱིས་པའི་དུས་ནས་རྩྭ་ཆུ་གང་བཟང་དུ་སྐྱས་སྤོ་བ་དང་སྦྲ་གུར་ནང་དུ་སྡོད་ཀྱི་ཡོད། དགུན་ཁ་ཤར་རྗེས་སྦྲ་གུར་ནང་དུ་ལྷགས་པ་གྲང་མོ་འཛུལ་ཡོང་ནས་རུས་པར་ན་ཟུག་གཏོང་གི་འདུག སྐྱས་སྤོ་བའི་སྐབས་སུ་རྒན་གཞོན་མེད་པར་ནང་མི་ཚང་མས་ཅ་དངོས་བསྡུ་གསོག་རྒྱག་དགོས་པ་དང་། གུར་བཤིག་རྗེས་ཅ་དངོས་ཆེ་ཆུང་ཚང་མ་འབྲི་གཡག་ལ་བཀལ་ནས་ལེ་དབར་བཅུ་ཕྲག་གི་སར་སྤོ་དགོས་པས། འཚོ་བར་དངོས་འབྲེལ་དཀའ་ངལ་ཆེན་པོ་ཡོད”ཅེས་ཨ་རྡོར་གྱིས་སྐྱོ་སེམས་དང་བཅས་ཡར་སྔོན་གྱི་འཚོ་བའི་སྐོར་བཤད།

    ཁྱིམ་ཚང་བཟུང་བའི་རྗེས་ལ་ཨ་རྡོར་གྱིས་ལོ་མང་རིང་ཕྱུགས་འཚོས་ནས་བསགས་པའི་དངུལ་དག་བཏང་སྟེ། དགུན་དུས་ཀྱི་འབྲོག་རར་སྨི་ངོས་གྲུ་30ཡོད་པའི་རྡོ་ཁང་ཞིག་བརྒྱབ། “དུས་དེ་ནས་བཟུང་རྩྭ་ཆུ་གང་བཟང་འཚོལ་བར་འགྲོ་དགོས་མ་བྱུང་ལ། སྦྲ་གུར་ནང་དུ་ཆར་ཐིགས་རྒྱག་པའི་སེམས་ཁྲལ་ཡང་མ་བྱུང”འོན་ཀྱང་ཁང་པ་རྒྱ་ཆུང་ཞིང་། ཚོམས་ཆེན་ཟེར་ནའང་འདྲ་ཉལ་ཁང་ཟེར་ནའང་འདྲ། གང་ལྟར་གཅིག་རང་ལས་མེད་ལ། ཁང་པའི་ཕྱེད་ཀ་ཉལ་ཁྲིས་བཟུང་བས་འཚོ་བར་སྟབས་བདེ་པོ་གཏན་ནས་མེད། གྲང་ངར་ཆེ་བའི་དགུན་དུས་སུ་རྡོ་གྱང་གིས་གྲང་རླུང་འགོག་ག་ལ་ཐུབ། མཚན་གུང་དུ་ཡར་ལངས་ཏེ་མེ་ཤིང་སྣོན་དགོས་པ་དང་། འཐུང་ཆུར་ཆ་མཚོན་ནའང་ཐག་རིང་དུ་བསྐྱོད་དེ་འཁྱགས་པ་བཅག་ནས་ལེན་དགོས་པས། འཚོ་བ་ཧ་ཅང་སྐྱོ་པོ་རེད།

    2006ལོར་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བ་དང་ཆབས་ཅིག ཨ་རྡོར་གྱི་ཁྱིམ་ཡང་སྨི་ངོས་གྲུ་80ཡོད་པའི་སོ་ཕག་ཁང་པའི་ནང་དུ་སྤོས། དུས་དེར་ཁོ་པར་དགའ་བ་དཔག་མེད་བྱུང་བ་ནི་སྨོས་ཅི་དགོས། “ཉལ་ཁང་དང་། ཚོམས་ཆེན། ཐབ་ཚང་བཅས་གང་དགོས་ཚང་མ་འཛོམས་སོང་། ད་ནས་བཟུང་ནང་མི་ཚང་མ་ཁང་པ་གཅིག་ནང་ཉལ་དགོས་མི་འདུག་ལ། སྒོ་རའི་ནང་དུའང་ཁྲོན་པ་དྲུས་འདུག ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཨ་རྡོར་གྱིས་འཛུམ་དམུལ་དམུལ་ངང་བཤད།

    2022ལོ་ནས་བཟུང་ལུ་མ་མཁར་གྲོང་ཚོས་མི་རིགས་གྲོང་ཚོའི་རྣམ་གྲངས་སྤེལ་འགོ་བཙུགས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.76བཏང་ཡོད། རྣམ་གྲངས་དེས་མི་རེར་ཆ་སྙོམས་སྨི་ངོས་གྲུ་25ཡོད་པའི་ཡུལ་མི་བཀོད་སྒྲིག་སྡོད་ཁང་ཆ་ཚང་234གསར་དུ་བསྐྲུན་པ་དང་རྟ་སྒ་ཆ་སྒྲིག་གི་ལས་གྲྭ་ཡང་དུས་མཚུངས་སུ་འཐུས་སྒོ་ཚང་དུ་བཏང་ཡོད། “དཀར་ཆ་དོད་ལ་རྒྱ་ཆེ་བའི་ཁང་པ་གསར་པ་དེ་འདྲ་ཞིག་ནང་སྡོད་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང་། ཁྱོན་ནང་མི་11ཡོད་པའི་ངའི་ཁྱིམ་ལ་རྒྱ་ཁྱོན་སྨི་ངོས་གྲུ་125ཡོད་པའི་ཁང་པ་ཆེ་ཤོས་དེ་རག་བྱུང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག སྨི་ངོས་གྲུ་རེར་རང་ཉིད་ཀྱིས་སྒོར་500ལས་སྤྲོད་དགོས་མ་བྱུང་། སྒོར་62500བཏང་བ་ལས་བདེ་སྡོད་ཁང་པའི་ནང་སྡོད་རྒྱུའི་བསམ་འདུན་གྲུབ་སོང་། ཆུ་ཀ་ལ་ཡོད་པ་དང་ཉིན་མཚན་མེད་པར་གློག་ཡོད་པའི་ཁྱིམ་དེ་ནི་ངས་ཉིན་མཚན་རྟག་ཏུ་རེ་སྒུག་བྱེད་པའི་ཁྱིམ་ཡིན”ཞེས་ཨ་རྡོར་གྱིས་མྱོང་ཚོར་ཟབ་མོས་བཤད།

    ར་དཀར་པོ་གསོས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

    ད་ཆ་འབྲོག་པའི་འཚོ་བ་གསར་རྐྱང་གྱུར་ལ་ཐོན་སྐྱེད་བྱེད་སྟངས་ལའང་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད།

    2021ལོར་ཨ་རྡོར་ཁྱིམ་གྱིས་ར་དཀར་པོ་མགོ་གྲངས་279དང་ལུག་མགོ་གྲངས་50མ་རྐང་རྣམ་པའི་ཐོག་ནས་གྲོང་ཚོའི་འབྲོག་ལས་སྒྱུར་བཅོས་མཉམ་ལས་ཁང་དུ་ཞུགས་པ་ལས། ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་མ་ཟད། ནང་མི་རྣམས་ལས་ཀ་གཞན་དག་ནང་དུའང་ཞུགས་རྒྱུ་བྱུང་ནས་འབབ་འཕར་ཕྱུར་འགྱུར་གྱི་ལམ་བུ་རྒྱ་སྐྱེད་སོང་ཡོད། “སྔོན་ཆད་ཚགས་ཤ་དང་ལུག་ཤ་བཙོངས་པའི་ཡོང་འབབ་ལས་གཞན་མེད། ད་ལྟ་ཡོང་འབབ་གསོག་ལམ་མང་པོ་ཡོད། ན་ནིང་འབྲོག་ལས་སྒྱུར་བཅོས་མཉམ་ལས་ཁང་དང་གྲོང་ཚོའི་ཐོན་ལས་གཞན་དག་གི་བགོ་འགྲེམས་སྒང་ལ། ཞོར་ལས་ཀྱི་ཡོང་འབབ་དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བསྣན་ན་ཁྱོན་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་གྱི་འདུག དེ་སྔོན་ཆད་དང་བསྡུར་ན་བསམ་ཡུལ་ལས་འདས་པ་ཞིག་རང་རེད”ཅེས་ཨ་རྡོར་གྱིས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་བཤད།

    ཨ་རྡོར་གྱི་ཁྱིམ་གསར་པ་ནས་ཁ་བྲལ་རྗེས་གསར་འགོད་པ་དང་བཅས་པ་གྲོང་ཚོ་ཨུ་ལྷན་དུ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་ཡིན། “མིག་སྔར་ང་ཚོའི་གྲོང་ཚོར་ཐོན་ལས་9ཡོད། དེ་དག་གིས་གྲོང་ཚོ་ཡོངས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་ཡོད”ཅེས་ལུ་མ་མཁར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་སྐལ་ལྡན་གྱིས་གསར་འགོད་པར་བཤད།

    གསར་འགོད་པ་བློ་བཟང་སྐལ་ལྡན་གྱི་རྗེས་སུ་འབྲངས་ནས་ལུ་མ་མཁར་གྲོང་ཚོའི་ར་དཀར་པོ་གསོ་སྤེལ་རྟེན་གཞིར་སྐྱོད་སྐབས། གྲོང་ཚོའི་ལས་བྱེད་པ་རྒན་རབས་ཤིག་གིས་བཤད་པར། 2003ལོའི་སྔ་རྗེས་སུ་ར་མ་མགོ་གྲངས་80ཡོད་པའི“ཤང་གྲོང་ཁེ་ལས”ཤིག་གཉེར་བ་ནི་ད་ལྟའི་ར་དཀར་ཐོན་ལས་ཀྱི“ཐོན་ལས་སྔ་མ”ཡིན་ལ། སྐབས་དེའི་ལུ་མ་མཁར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཅིག་པུ་དེ་རེད་ཅེས་བརྗོད་བྱུང་། སྐབས་དེའི་ཕན་འབྲས་ནི་མཉམ་ལས་ཁང་འཁོར་སྐྱོད་ཐུབ་ཙམ་ལས་མེད་པས་ཡུལ་མིར་ཁེ་ཕན་གཏོད་ཐབས་བྲལ།

    ད་ཆ་ར་དཀར་པོའི་ཐོན་ལས་དེ་ལུ་མ་མཁར་གྲོང་ཚོའི་ཀ་རྟེན་ཐོན་ལས་སུ་གྱུར། ཡུལ་དེ་ནས་ཐོན་པའི་ཁུ་ལུའི་སྤུས་ཀ་དག་པོ་ཡོད་པས་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་ཀྱི“གསེར་གྱི་བྱ་དགའ”སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་སྟེ། ས་གནས་དེ་གའི“གསེར་མཉེན་པོ”ཞེས་བརྗོད།

    གྲོང་ཚོའི་རྒྱབ་ཀྱི་སྔོ་ཐིང་ངེར་གནས་པའི་ཁུན་གྲུང་མཚོའི་ངོགས་སུ་ར་དཀར་པོ་ཁྱུ་ཡིས་རང་འདོད་ལྟར་རྩྭ་ཟ་བཞིན་ཡོད། བློ་བཟང་སྐལ་ལྡན་གྱིས་ར་ཁྱུར་མཛུབ་མོ་འཛུགས་བཞིན་དུ“2024ལོའི་ལོ་མཇུག་བར་ང་ཚོའི་གྲོང་ཚོས་ཁྱོན་ར་དཀར་པོ་མགོ་གྲངས་33773གསོས་པ་དང་། ཡོང་འབབ་སྒོར་ཁྲི་600ལྷག་ཙམ་བྱུང་བའི་ཁྲོད་ནས་ཁུ་ལུ་ཁོ་ན་བཙོངས་པའི་ཡོང་འབབ་སྒོར་ཁྲི་260ལྷག་ཙམ་ཟིན་གྱི་འདུག”ཅེས་ངོ་སྤྲོད་བྱས་བྱུང་།

    ཐོན་ལས་ཀྱི་མེ་ཏོག་ས་མཐོར་རབ་ཏུ་བཞད་པ།

    ལུ་མ་མཁར་གྲོང་ཚོའི“ར་གཅིག”ཐོན་ལས་འཕེལ་རྒྱས་བྱུང་བ་དེ་ཚད་གཞི་མཐོ་བའི་ཞིང་ཁ་དང་ས་ཁོད་སྙོམས་པའི་རྣམ་གྲངས་འཛུགས་སྐྲུན་དང་ཁ་འབྲལ་ཐབས་མེད། དེའི་ནང་གི་མི་ཐབས་རྩྭ་འདེབས་ཀྱི་རྣམ་གྲངས་ཀྱིས་ར་དཀར་པོ་སྐྱེ་འཕེལ་ལ་གཟན་ཆག་གི་འགན་སྲུང་བརྟན་པོ་བྱས་ཡོད།

    2022ལོའི་ཟླ་5པར་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བར་སྐུལ་འདེད་གཏོང་ཆེད། རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་མི་ཐབས་རྩྭ་འདེབས་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་ཡོད།

    2022ལོར་ལག་ལེན་བདེ་བླག་བྱུང་བའི་རྨང་གཞིའི་ཐོག ད་ཆ་ལུ་མ་མཁར་གྲོང་ཚོས་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་ཐབས་རྩྭ་འདེབས་རྒྱ་ཁྱོན་མུའུ་1510བར་ཆེ་རུ་བཏང་ཡོད། 2024ལོར་རྟེན་གཞིར་རྩྭ་སོས་པ་ཏུན་420དང་རྩྭ་སྐམ་པོ་ཏུན་250བྱུང་ཞིང་། རྫོང་ཞིང་ལས་གྲོང་གསེབ་ཅུས་ལ་རྩྭ་སྐམ་པོ་བཙོངས་པར་ཁེ་གཙང་ཡོང་འབབ་སྒོར་ཁྲི་45བྱུང་བ་དག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཐད་ཀར་སྤྱད་ཡོད།

    མིག་སྔར་མི་ཐབས་རྩྭ་འདེབས་རྟེན་གཞི་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཤིང་། རྩྭ་འདེབས་དང་། ལུད་རྒྱག ཆུ་འདྲེན། བརྔ་བསྡུ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། ས་གནས་དེ་གའི་ཡུལ་མིར་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་ཡོད།

    2024ལོར་ལུ་མ་མཁར་གྲོང་ཚོའི་མི་ཐབས་རྩྭ་འདེབས་རྣམ་གྲངས་དེས་གྲོང་ཚོ་ཡོངས་ལ་གླ་ཆ་སྒོར་ཁྲི་38ལྷག་ཙམ་སྤྲད་པ་དང་སྔོན་དཔག་བྱས་ན་ད་ལོ་ཡུལ་མིར་གླ་ཆ་སྒོར་ཁྲི་30སྤྲོད་རྒྱུ་རེད། མི་ཐབས་རྩྭ་འདེབས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ལུ་མ་མཁར་གྲོང་ཚོས་སྐྱེ་ཁམས་ལེགས་གཏོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀ་བྱུང་བའི་ལམ་བུ་གསར་པ་ཞིག་བཏོད་དེ། གྲོང་གསེབ་དར་རྒྱས་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཐོན་ལས་སྣ་མང་ཅན་དུ་གྱུར་ནས་ཡུལ་མིའི་ལས་ཞུགས་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ལ་མཉམ་སྡེབ་དཔལ་འབྱོར་ཡང་ཉིན་རེ་བཞིན་སྟོབས་ཆེ་རུ་ཕྱིན་པ་དང་། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ལ་ཚང་མའི་འཚོ་བའང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཐོན་ལས་དར་རྒྱས་དང་། གྲོང་གསེབ་མཛེས་སྡུག ཡུལ་མི་ཕྱུག་འགྱུར་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་བསམ་འདུན་བཟང་པོ་ས་གཞི་དེའི་སྟེང་དུ་གོམ་པ་རེ་རེ་བཞིན་མངོན་དུ་འགྱུར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།