ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོས་སྣ་མང་ཐོན་ལས་འཕེལ་རྒྱས་བཏང་བ།
“ཁམ་བུའི་མེ་ཏོག་གྲོང་ཚོ”ཡིས། ཕྱོགས་བཞིའི་མགྲོན་པོར་བསུ་བ་ཞུ།
“དབྱར་གཞུང་ལ་ཡུལ་སྐོར་བ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་གི་མཛེས་པར་རོལ་བ་དང་། ཤིང་ཏོག་ཁྲེ་ལེ་ཙེ་ཡི་བྲོ་བ་མྱོང་བར་གདན་འདྲེན་རྒྱུ་ནི་ང་ཚོས་སྐུ་མགྲོན་ལ་བསུ་བ་ཞུ་སྟངས་ཡག་ཤོས་ཤིག་རེད”ཅེས་ཚེ་གཡང་གིས་བཤད། ལོ་རེའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས། ཀ་ལ་གྲོང་ཚོའི་ཁྱིམ་ཚང་ཚང་མས་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད་ཅིང་། ཚེ་གཡང་གིས་དབྱར་ཁ་ཞག་སྡོད་ལ་ཡོང་བའི་ཡུལ་སྐོར་བ་ཤིང་ཏོག་ར་བའི་ནང་བྲོ་བ་མྱོང་བར་འབོད་ནས་ཀ་ལ་གྲོང་ཚོའི་ཞིམ་མངར་ཤིང་ཏོག་གི་རོ་བཅུད་མྱོང་རོལ་བྱེད་དུ་འཇུག་གི་ཡོད།
“ད་ཆ་ང་ཚོའི་གྲོང་ཚོ་སྐད་གྲགས་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཡུལ་མི་དང་ཡུལ་སྐོར་བ་མང་པོ་ཞིག་ཀྱང་འདི་གར་ཤིང་ཏོག་འཐུ་བར་ཡོང་གི་ཡོད། ངའི་ཁྱིམ་དུ་ཁྲེ་ལེ་ཙེ་སྡོང་པོ་བརྒྱད་ཡོད་པ་དང་། ན་ནིང་སྒོར་4000ཡས་མས་ཟིན་པའི་ཤིང་ཏོག་ཁྲེ་ལེ་ཙེ་བཙོངས་པ་ཡིན”ཞེས་ཚེ་གཡང་གིས་བཤད། ཁོ་མོའི་ཁྱིམ་ལ་སྲོལ་རྒྱུན་གྱི་འདེབས་འཛུགས་དང་། གསོ་ཚགས་དང་ཁྱིམ་ཚང་མགྲོན་ཁང་། སྒོ་རའི་དཔལ་འབྱོར་བཅས་ཀྱི་ཡོང་འབབ་ཕུད། ད་དུང་ཁོ་མོའི་བཟའ་ཟླས་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་ནང་ཞུགས་པའི་ཡོང་འབབ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་ཀྱང་ཡོད། “ན་ནིང་ཡོང་འབབ་དང་ཁེ་སྤོགས་ཚང་མ་བསྡོམས་ཚེ་ཡོང་འབབ་སྒོར་ཁྲི་18ཙམ་བྱུང”ཞེས་ཚེ་གཡང་གིས་ངོ་སྤྲོད་བྱས།
ཀ་ལ་གྲོང་ཚོར་ཁྱོན་དུད་ཚང་33ཡོད་ཅིང་། འབབ་ཁུངས་སྣ་ཚོགས་ལས་ཚང་མའི་ཡོང་འབབ་མང་དུ་ཕྱིན་ཡོད། དེ་དག་ནི་ཚང་མས་གྲོང་ཚོར་བདག་གཅེས་དང་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པ་དང་ཁ་འབྲལ་ཐབས་མེད། གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས། ད་ཆ་ཡུལ་མི་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་སྐྱེ་ཁམས་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་དང་ཞིང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་ཀྱི་རྣམ་གྲངས་བསྐྲུན་པ་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
“ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་གནང་བ་ཞིག་དང་། ཁོར་ཡུག་བཟང་པོ་དང་སྐྱེ་ཁམས་བཟང་པོ་ལས་འབྱུང་བ་ཞིག་རེད་ལ། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་ང་ཚོས་མཉམ་དུ་བཏོད་པ་ཞིག་ཀྱང་རེད། ངའི་ཁྱིམ་གྱིས་ཀ་ལ་གྲོང་ཚོར་ཡོང་མཁན་སྐུ་མགྲོན་ཚང་མར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་རྒྱུ་ཡིན”ཞེས་ཚེ་གཡང་གིས་བཤད།
ཚེ་གཡང་གི་ཁྱིམ་ཚང་མགྲོན་ཁང་དང་འདྲ་བར་ཀ་ལ་གྲོང་ཚོའི་ཡུལ་མི་གཞན་དག་གིས་ཀྱང་སེམས་རྩ་འཁོལ་པོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཚོར་བསུ་བ་ཞུ་བཞིན་མཆིས།
ཀོང་ཏུང་གི་བུ་མོ་ཞིག་གྲོང་ཚོའི་ནང་ཆར་གཡོལ་བྱེད་ས་འཚོལ་སྐབས། ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་རྨོ་བོ་ལགས་ཀྱིས་རང་ཁྱིམ་དུ་ཆར་གཡོལ་བྱེད་པར་འབོད་པ་མ་ཟད་ཇ་བསྲུབས་མ་བླུགས་པ་རེད། ཁོ་མོ་ཁྱིམ་ནས་ཁ་བྲལ་སྐབས་ཇ་བསྲུབས་མས་ལུས་ལ་དྲོད་ཁུག་པ་མ་ཟད། ད་དུང་དགོང་མོའི་སྒོར་གཞས་ལའང་འབོད། ཧྲང་ཧའེ་ཡི་ཕོ་གཞོན་ཞིག་གིས་པར་ཆས་ཁུར་ནས་གྲོང་ཚོའི་གང་སར་པར་རྒྱག་པར་སྐྱོད་སྐབས་ཀྱང་ཡུལ་མི་ཚོས་རང་ཁྱིམ་དུ་གདན་དྲངས་ཡོད། དེ་ནས་ཁ་བྲལ་སྐབས་པར་ཆས་ནང་དོན་སྙིང་ལྡན་པའི་པར་དང་ཨམ་ཕྲག་ནང་ཤིང་ཏོག་གིས་ཁེངས་པ་མ་ཟད། ད་དུང་རྗེས་སུ་ཡང་བསྐྱར་ཕེབས་པར་དགའ་བསུ་ཞུ་ཞེས་ཀྱང་ཟེར་གྱི་ཡོད། ཡུལ་སྐོར་བ་ཚོ་སེམས་རྩ་འཁོལ་བའི་མགྲོན་འབོད་སྣེ་ལེན་བྱེད་སྟངས་ལ་ཧང་སངས་པ་དང་། མཛའ་གཅུགས་ནི་ཉང་ཆུ་གཙང་པོའི་ཆུ་རྒྱུན་བཞིན་ཕན་ཚུན་འབྲེལ་འདྲིས་ཁྲོད་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བཞིན་མཆིས།