དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱལ་ཁབ་ནང་གི་རྒྱལ་ཁབ”སན་མ་རི་ནོར་བཅར་འདྲིར་བསྐྱོད་པ།

    —— ཀྲུང་ལུགས་གསོ་རིག་གི་རིག་གནས་ཁྱབ་གདལ་བཏང་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཞེ་ཡ་ཧུང་།   |     སྤེལ་དུས།  2025-07-08

    སན་མ་རི་ནོ་ནི་ཡོ་རོབ་ཀྱི་ལྷོ་ཕྱོགས་སུ་གནས་ཤིང་དབྱི་ཐ་ལིས་མཐའ་ནས་བསྐོར་བའི“རྒྱལ་ཁབ་ནང་གི་རྒྱལ་ཁབ”ཅིག་ཡིན་པ་དང་། སན་མ་རི་ནོ་མོང་ཐའེ་ཅ་ཏི་ནོར་སན་མ་རི་ནོ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་སྔོ་ལྗང་རི་བོའི་གསེབ་ཏུ་གནས་ཡོད།

    ཁུང་ཙི་སློབ་གླིང་དེ་ནི་པེ་ཅིང་གི་གྲོང་ཁྱེར་སློབ་གླིང་དང་། སན་མ་རི་ནོ་སློབ་ཆེན། སན་མ་རི་ནོ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་བཅས་ཀྱིས་མཉམ་ལས་བྱས་ནས་བཙུགས་པ་ཞིག་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་ཀྲུང་ལུགས་གསོ་རིག་སློབ་ཁྲིད་དང་རིག་གནས་ཁྱབ་སྤེལ་གཏོང་བ་དེ་ཡིན། ཉེ་ཆར། པེ་ཅིང་གི་གྲོང་ཁྱེར་སློབ་གླིང་སྐྱེ་དངོས་གསོ་རིག་སྡེ་ཁག་ནས་ཡོང་བའི་དགེ་རྒན་ཚོས་ས་གནས་དེ་གའི་དམངས་ཚོགས་ལ་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་10འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲས་ཤིག་ཡིན་པའི་ཀྲུང་ལུགས་གསོ་རིག་མྱོང་རོལ་གྱི་བྱེད་སྒོ་དམིགས་བསལ་ཞིག་སྤེལ་བ་རེད།

    ཨན་ནཱ་·སང་ཏི་ནི་ས་གནས་དེ་གའི་དངོས་སྦྱོང་སྨན་པ་ཞིག་ཡིན་པ་དང་། ཁོང་ཞིབ་འཇུག་སློབ་མའི་སྐབས་ནས་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་སྦྱོང་འདོད་བྱུང་བ་དང་། དེ་སྔ་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་སྟངས་ལ་བརྟེན་ནས་ནང་མིར་ནད་བརྟག་སྨན་བཅོས་བྱས་པར་དྲག་སྐྱེད་ཡག་པོ་བྱུང་རེད། ཁོང་གིས། ད་རེས་སན་མ་རི་ནོ་སློབ་ཆེན་ཁུང་ཙི་སློབ་གླིང་གི་བྱེད་སྒོར་ཐོག་མར་ཞུགས་པར་ཕན་ཐོགས་ཆེན་པོ་བྱུང་། “ང་ཚོས་རྒན་ལགས་ཀྱིས་བསླབས་གནང་བ་བཞིན་གསང་མིག་འཕུར་མཉེད་དང་ཐའེ་ཅི་ལུས་རྩལ་སྦྱངས་པ་དང་ཀྲུང་ལུགས་ཀྱི་སྨན་སྐྱུ་རུའི་སྨན་རིལ་ཚོད་ལྟ་བྱས་ནས་བཟོས་པ་མ་ཟད། ཀྲུང་ལུགས་ཀྱི་སྨན་རྒྱུ་གཞན་ཁག་གཅིག་ཀྱང་སྨན་ངོ་ཆོད་བྱུང་བས་དོན་སྙིང་ཆེན་པོ་བྱུང་། ད་རེས་ཀྱི་བྱེད་སྒོར་ཞུགས་པ་ལས་ཀྲུང་ལུགས་གསོ་རིག་གི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་མྱོང་ཚོར་ཟབ་མོ་བྱུང་བས། ཕྱིས་འབྱུང་ཀྲུང་གོར་འགྲོ་བའི་གོ་སྐབས་བྱུང་ཚེ་ཀྲུང་ལུགས་གསོ་རིག་མཐིལ་ཕྱིན་པར་སྦྱོང་གི་ཡིན”ཞེས་གསར་འགོད་པར་བརྗོད་བྱུང་།

    ཀྲུང་ལུགས་གསོ་རིག་གི་མྱོང་རོལ་བྱེད་སྒོ་ཕུད། སན་མ་རི་ནོ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ད་དུང་ཀྲུང་ལུགས་གསོ་རིག་གི་བརྗོད་དོན་གཙོ་བོའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། དབྱི་ཐ་ལི་ཨོར་པི་ནོ་སློབ་ཆེན་སྐྱེ་དངོས་ཆ་རྡུལ་ཚན་རིག་སྡེ་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་མཱ་ཐའེ་ཨའོ་·སྨི་ཁུའུ་ཆིས་ཀྲུང་ལུགས་གསོ་རིག་གི་ཟས་བཅོས་ཀྱི་བརྗོད་གཞིའི་སྐོར་ནས་གཏམ་བཤད་བྱས་ཤིང་། ཁོང་གིས། ངས་ཀྲུང་ལུགས་གསོ་རིག་ལ་ཞིབ་འཇུག་ལོ་10ལྷག་ཙམ་བྱས་མཐར་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་རིམ་བཞིན་ཤེས་བྱུང་ཞེས་བརྗོད།

    སན་མ་རི་ནོ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཐུང་རེན་ཐང་ཀྲུང་ལུགས་གསོ་རིག་སྨན་རྫས་རྟེན་མཛོད་ཁང་དུ་སྐྱོད་སྐབས། གྱང་ངོས་ཀྱི་དྲ་མིག་སྟེང་ཀྲུང་ལུགས་ཀྱི་སྨན་རྒྱུའི་མ་དཔེ་གྲལ་སྟར་འགྲིག་པོས་བསྒྲིགས་པ་དང་། གྱང་ལྡེབས་སུ་ཀྲུང་ལུགས་སྨན་བཟོའི་སྨན་ཐང་བཀལ་ཡོད་པ་མ་ཟད། སྨན་བཅོས་དང་སྨན་བཟོའི་ཡོ་ཆས་མི་ཉུང་བ་ཞིག་ཤིང་སྒྲོམ་དུ་བླུགས་ནས་ཀུན་གྱི་མཐོང་སར་སྒྲིག་གཤོམ་བྱས་ཡོད། སན་མ་རི་ནོ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀུའོ་ཞའོ་ཞ་ཡིས། 2016ལོ་ནས་བཟུང་། པེ་ཅིང་གི་གྲོང་ཁྱེར་སློབ་གླིང་གིས་དུས་ངེས་གཏན་ནང་ཆེད་ལས་ཀྱི་དགེ་རྒན་མངགས་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། གསང་མིག་འཕུར་མཉེད་དང་། ཀྲུང་ལུགས་གསོ་རིག་གི་བརྟག་དཔྱད། རྩ་ལམ་གསང་མིག་ངོས་འཛིན་སོགས་ཀྱི་སྨན་བཅོས་བྱེད་སྟངས་བསླབས་པས། ས་གནས་ཀྱི་མང་ཚོགས་ཁྲོད་ཀྲུང་ལུགས་གསོ་རིག་གི་ཕན་པ་ཐོབ་མཁན་ཟམ་མི་ཆད་པར་མང་དུ་སོང་ཡོད། སློབ་གླིང་གིས་ཀྱང་དབྱི་ཐ་ལི་ཀྲུང་ལུགས་གསོ་རིག་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་སན་མ་རི་ནོ་དང་དབྱི་ཐ་ལི་སོགས་ལ་སྐོར་སྐྱོད་འཆད་ཁྲིད་བྱས་ནས་ཀྲུང་ལུགས་གསོ་རིག་གི་རིག་གནས་ཁྱབ་གདལ་ཧུར་ཐག་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    སན་མ་རི་ནོ་སློབ་ཆེན་གྱི་དཔལ་འབྱོར་དང་། ཚན་རིག བཟོ་སྐྲུན་དང་འཆར་འགོད་བཅས་ཀྱི་ཆེད་ལས་མཐུན་སྦྱོར་བ་པའོ་ལཱ་·ཆིང་ཆི་ཡིས། ད་ཆ་སན་མ་རི་ནོ་སློབ་ཆེན་ཁུང་ཙི་སློབ་གླིང་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཀྲུང་གོའི་རིག་གནས་ལ་ཤེས་རྟོགས་བྱེད་པའི་སྐར་ཁུང་དང་སྦྲེལ་ཟམ་ལྟ་བུར་གྱུར་ཡོད། ང་ཚོའི་གཞོན་ནུ་ལོ་ཆུང་ཀྲུང་གོར་སློབ་སྦྱོང་ལ་སྐྱོད་པའམ་དབྱར་སྒར་བྱེད་སྒོར་ཞུགས་འདོད་ཆེན་པོ་འདུག ཕྱིས་འབྱུང་སློབ་གྲྭས་སན་མ་རི་ནོ་སློབ་ཆེན་ཁུང་ཙི་སློབ་གླིང་དང་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ་སན་མ་རི་ནོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་གྱི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།