དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧྥ་རན་སེའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བདུན་པ་ཕ་རི་སིར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-08

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཕ་རི་སིར་ཧྥ་རན་སེའི་ཕྱི་འབྲེལ་པུའུ་ཀྲང་པཱ་ལུའོ་དང་མཉམ་དུ་ཀྲུང་ཧྥའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་རེད།

    ཝང་དབྱི་ཡིས་བརྗོད་དོན། ན་ནིང་ཟླ་5པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྟེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་དང་རྗེས་མའི་ལོ་60རིང་གི་ཀྲུང་ཧྥའི་འབྲེལ་བར་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད། ལོ་གཅིག་རིང་གཙོ་བདག་གི་ཐུན་མོང་ངོས་འཛིན་དང་མཛུབ་ཁྲིད་འོག་ཀྲུང་ཧྥའི་ཁྱབ་ཁོངས་ཁག་གིས་འབྲེལ་མཐུད་མཉམ་ལས་ལ་དམ་འཛིན་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    ཝང་དབྱི་ཡིས་བརྗོད་དོན། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་ལ་གདོང་ཐུག་ཇི་ཙམ་མང་བའི་དུས་རབས་སུ་ཀུན་ལ་ཕན་པའི་མི་ཆོས་རིག་གནས་སྤེལ་རེས་དེ་ཙམ་གྱིས་དགོས་གལ་ཆེན་པོ་ཡོད། གང་སར་ཟང་ཟིང་ཇི་ཙམ་ཆེ་བའི་འཇིག་རྟེན་དེར་དེ་ཙམ་གྱིས་ལག་གདང་སྦྲེལ་ནས་མགོ་འཐོམས་རྨོངས་གཉིད་ལས་སད་ཐུབ་པ་དང་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་ཐུབ་པར་བྱེད་དགོས། ད་ལོ་ནི་ཀྲུང་ཧྥའི་འབྲེལ་བའི“རབ་བྱུང་གསར་པ”འགོ་བརྩམས་པའི་ལོ་ཡིན་པ་དང་ཀྲུང་ཧྥའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་ལམ་སྲོལ་ཡང་ལོ་10གཉིས་པར་སླེབས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་སྣེ་ཁྲིད་དུ་བྱས་ཏེ་རང་བཙན་རང་བདག་དང་། ཕན་ཚུན་བསམ་ཤེས། མིག་རྒྱང་རིང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཕྱི་འབྲེལ་འཛུགས་པའི་སྙིང་སྟོབས་རྒྱུན་འཛིན་གྱིས་ཀྲུང་ཧྥའི་མི་ཆོས་རིག་གནས་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་དང་ཐ་ན་གོ་ལ་ཧྲིལ་པོའི་ཤེས་དཔལ་སྤེལ་རེས་ལ་མིག་དཔེ་བཏོན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལམ་ཟམ་སྐྲུན་དགོས།

    པཱ་ལུའོ་ཡིས་བརྗོད་དོན། ཧྥ་ཀྲུང་གི་མི་ཆོས་རིག་གནས་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་གཡུར་དུ་ཟ་བས་རྒྱལ་ཁབ་གཉིས་པོའི་རྩ་ཆེའི་རྒྱུ་ནོར་དུ་གྱུར་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་འབྱུང་འགྱུར་ལ་ཁ་ཕྱོགས་པའི་སྒོ་དབྱེའི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་སློབ་གསོ་དང་། རིག་གནས། ཚན་ཞིབ། གཞོན་ནུ། གློག་བརྙན། ས་གནས་སོགས་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་མཐུད་དམ་ཟབ་དང་། སྤུས་ཚད་ལེགས་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཡིན།

    ཚོགས་འདུ་གྲོལ་རྗེས། ཕྱོགས་གཉིས་པོས《ཀྲུང་ཧྥའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བདུན་པའི་མཉམ་འབྲེལ་གསལ་བསྒྲགས》བཀྲམ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།