ཐུར་ཀྲུང་སྨྱན་སྦྱོར་གླེང་སྟེགས་ཨན་ཁ་རར་འཚོགས་པ།
ཟླ་7ཚེས་2ཉིན་ཐུར་ཁེའི་ཙུང་ཐུང་ལས་ཤག་གསར་འགྱུར་ཅུས་ཀྱིས་གཙོ་གཉེར་བྱས་པའི་ཐུར་ཁེ་དང་ཀྲུང་གོའི་སྨྱན་སྦྱོར་གླེང་སྟེགས་ཐུར་ཁེའི་རྒྱལ་ས་ཨན་ཁ་རར་འཚོགས་པ་རེད། རྒྱལ་ཁབ་གཉིས་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། སྨྱན་སྦྱོར་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་སོགས་མཉམ་དུ་འཛོམས་ནས་ཐུར་ཁེ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དང་སྨྱན་སྦྱོར་མཉམ་ལས་འཕེལ་རྒྱས་ཟབ་ཏུ་གཏོང་བའི་ཐད་མཉམ་དུ་གྲོས་བསྡུར་བྱས་ཤིང་། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གླེང་སྟེགས་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཞུའོ་པིན་གྱིས། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཐུར་ཁེའི་དབར་གྱི་འབྲེལ་བའི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྲོགས་པོ་དང་ལས་རིགས་ཁག་གི་མི་སྣས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཐུར་ཁེའི་དབར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་དང་། གཏིང་ཟབ། ཆུ་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།