རང་བྱུང་ཁོར་ཡུག་ཇི་ཙམ་ཞན་ན་ཡང་། དཀའ་སྤྱད་སྙིང་སྟོབས་ནམ་ཡང་ཉམས་པ་མེད།
—— འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་སྐོར་བཀོད་པ།
འདི་ནི་ཨ་མདོ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡིན་པ།
བོད་ཀྱི་ལྷ་ས་ནས་མེ་འཁོར་ལ་བསྡད་དེ་བྱང་ཕྱོགས་སུ་ཆུ་ཚོད་5ལྷག་ཙམ་བསྐྱོད་ཚེ། ས་བབ་སྨི་4800ཡི་གདང་ལའི་རི་འདབས་སུ་སླེབས་པ་དང་། དེར་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་གནམ་གཤིས་བརྟག་དཔྱད་ས་ཚིགས་ནི་གདང་ལའི་ལྷོ་འདབས་སུ་ཆགས་ཡོད། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལྟ་སྲུང་བ་ཡོད་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཤིག་ཡིན་པས། “གནམ་འོག་གི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཨང་དང་པོ”ཞེས་བརྗོད་སྲོལ་ཡོད།
རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁྲེན་ཅིན་ཧྲུའེ་ཡིས་1965ལོར་ལས་གྲོགས་ཤིག་དང་མཉམ་དུ་ལ་རྒོད་དུ་སྦྲ་གུར་གཉིས་ཕུབ་ནས་ཨ་མདོ་གནམ་གཤིས་བརྟག་དཔྱད་ས་ཚིགས་བཙུགས་པ་དང་། དེ་རྗེས་ཨ་མདོའི་གནམ་གཤིས་བརྟག་དཔྱད་ལས་དོན་པ་མི་རབས་མང་པོས་དེ་གར་བརྟན་སྲུང་བྱས་ནས་གྲང་ངར་ཆེ་བ་དང་དབྱང་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཞིབ་འཇུག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
འདི་གའི་འཚོ་བ།
ཁ་བ་བུ་ཡུག་མང་ཞིང་དབྱང་རླུང་དཀོན་པས་མགོ་ན་བ་དང་གཉིད་ཡེར་བ་ནི་རྒྱུན་གཏན་ཞིག་རེད།
ཨ་མདོར་ལྷགས་པ་ཆེ་ལ། ཁ་བ་འབབ་མང་བ་དང་། གནམ་གཤིས་གྲང་ངར་ཆེ་བས་རྒྱལ་ཡོངས་ཀྱི་འཕྲེད་ཐིག་འབྲིང་དམའི་ས་བབ་མཐོ་བ་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་ལོ་མང་འཁྱགས་སའི་ཁུལ་ཞིག་རེད།
ལོ་གཅིག་གི་ནང་ཉིན་140ལྷག་ཙམ་རིམ་པ་བརྒྱད་ཡན་གྱི་ལྷགས་པ་ཆེན་པོ་རྒྱག་པ་དང་ལྷགས་པའི་མྱུར་ཚད་མགྱོགས་ཤོས་སུ་སྐར་ཆ་རེར་སྨི་40ལས་ཆེ་བ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་2.8ཟིན་པ་དང་དྲོད་ཚད་དམའ་ཤོས་སུ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་43.2ཟིན་ཞིང་། ཁ་བ་འབབ་པའི་ཉིན་གྲངས་ནི་ཉིན་109ཟིན་གྱི་ཡོད་པར་བརྟེན་ས་གནས་དེ་གའི་མིས་ཨ་མདོར“དུས་བཞིར་སྲིང་བལ་སྟོད་གོས་གྱོན་དགོས་པ་དང་། དབྱང་རླུང་རྒྱགས་ཚད་རྔུབ་རྒྱུ་མེད་ལ། ལྷགས་པས་རྡོ་ཡང་ཁྱེར་ཐུབ”ཅེས་བརྗོད་ཀྱི་ཡོད།
འདི་ནི་ཨ་མདོ་རྫོང་གི་གནམ་གཤིས་སྒྲིག་བཀོད་ཀྱི་འགན་སྲུང་མི་སྣས་སྐུ་ལྷ་དར་གདོང་རང་འགུལ་གནམ་གཤིས་ས་ཚིགས་སུ་སྒྲིག་ཆས་སྲུང་སྐྱོང་བྱེད་བཞིན་པ།
“ང་ཐོག་མར་འདི་གར་སླེབས་སྐབས་ཟླ་བ་གཅིག་ཙམ་ཉིན་ལྟར་དགོང་མོ་མགོ་ན་ནས་གཉིད་ཁུག་མ་བྱུང”ལོ་31ལ་སླེབས་པའི་ཀྲང་ཞའོ་ཤིང་ནི་ཡུན་ནན་བ་ཞིག་ཡིན་པ་དང་། 2022ལོར་ནུབ་རྒྱུད་ལ་ལེགས་སྐྱེས་འབུལ་བའི་ཕུགས་འདུན་བཅངས་ནས་ཨ་མདོ་རུ་ཡོང་མོད། འོན་ཀྱང་ས་མཐོར་མི་འཕྲོད་པའི་དབང་གིས་ལོ་འགའི་ནང་གཉིད་ཡག་པོ་ཁུག་ཐུབ་ཀྱི་མེད། ཀྲང་ཞའོ་ཤིང་གིས“གཟུགས་པོ་སྣང་དག་མེད་ན་ང་ཨ་མདོ་ནས་ཁ་འབྲལ་མི་སྲིད། ངས་ཁྲེན་ཅིན་ཧྲུའེ་དང་འདྲ་བར་ནུབ་རྒྱུད་དུ་རྩ་བ་ཚུགས་ནས་བྱས་རྗེས་འཇོག་འདོད་ཡོད”ཅེས་བཤད།
དེ་གའི་གནམ་གཤིས་ལས་དོན་མི་སྣའི་ངོས་ནས་བརྗོད་ན། མགོ་ན་བ་དང་། བྲང་ཁ་བསྡམས་པ། གཉིད་ཡེར་བ་བཅས་ཚང་མ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་རེད། དེ་ལྟར་དུས་ཚོད་རིང་པོ་སོང་ཚེ་ས་མཐོའི་ནད་རིགས་སྣ་ཚོགས་འབྱུང་སླ་བས་ལས་གྲོགས་མང་པོ་ཞིག་ལ་ཡང་གཅོང་ནད་ཕོག་ཡོད།
ཨ་མདོ་རྫོང་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དོན་གྲུབ་ཚེ་རིང་གིས་གསར་འགོད་པར། ད་ཆ་ཉལ་ཁང་དང་གཞུང་ལས་ཁང་ཚང་མར་དབྱང་རླུང་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཡོད། 2023ལོ་ནས་བཟུང་གཅིག་སྡུད་ཐོག་དྲོད་མཁོ་འདོན་བྱས་པ་མ་ཟད། ད་དུང་དེ་བས་གཏིང་རིང་བའི་ཁྲོན་པ་ཞིག་ཀྱང་དྲུས་པར་བརྟེན་ཆུ་སྤུས་ལེགས་སུ་ཕྱིན་ཡོད། “འཚོ་བའི་ཆ་རྐྱེན་དང་ཐོབ་ཐང་ལེགས་སུ་ཕྱིན་པ་མ་ཟད། སྐོར་སྐྱོད་ལམ་སྲོལ་ཡང་འཐུས་སྒོ་ཚང་དུ་ཕྱིན་ཡོད་པས་ལོ་ལྔ་སོང་རྗེས་ལས་གནས་བརྗེ་ཆོག་གི་ཡོད”ཅེས་བཤད།
བརྟན་སྲུང་འདི་ལྟ་བུ།
ལ་ཁ་དང་འཁྱགས་མཚེའུ་བརྒལ་བ་ནི་བརྟག་དཔྱད་ས་ཚིགས་ཀྱི་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་རེད།
ཨ་མདོ་གནམ་གཤིས་བརྟག་དཔྱད་ས་ཚིགས་དེ་རྫོང་གནམ་གཤིས་ཅུས་སུ་ཡོད་པ་དང་། གནམ་གཤིས་ཅུས་ཀྱི་ལས་བཟོས་གནམ་གཤིས་བརྟག་དཔྱད་ས་ཚིགས་སུ་སྡོད་བྱ་བྱས་ནས་གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་དང་། གྲངས་གཞི་བརྒྱུད་སྤྲོད། སྒྲིག་ཆས་སྲུང་སྐྱོང་སོགས་ཀྱི་ལས་ཀ་བྱེད་དགོས་པ་དང་དུས་མཚུངས་ད་དུང་རྫོང་ཡོངས་ཀྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཚང་མར་སྐོར་ཞིབ་དང་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད།
ཨ་མདོ་རྫོང་གནམ་གཤིས་ཅུས་ཀྱིས་འགན་ཁུར་བའི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ནི་སྤྱི་ལེ་ངོས་གྲུ་ཁྲི་10ཡི་ཁྱབ་ཁོངས་སུ་ཁ་ཐོར་དུ་ཁྱབ་པ་དང་། ཐག་རིང་ཤོས་ཀྱི་ས་ཚིགས་ནི་སྤྱི་ལེ་500ཡི་སར་ཡོད། བྱང་རྒྱུད་ཤང་གྲོང་དུ་འགྲོ་སྐབས་ས་བབ་སྨི་5000ཡན་གྱི་གདང་ལ་བརྒལ་དགོས་པ་དང་། ཟླ་བ་དྲུག་པ་དང་བདུན་པར་ད་དུང་ཁ་བ་འབབ་སྲིད་པ་མ་ཟད། རྟག་ཏུ་མི་མེད་ཁུལ་བརྒལ་དགོས་པས། དེ་དག་ཉམས་མྱོང་ཡོད་པའི་ལས་མིར་བརྟེན་དགོས་ཀྱི་ཡོད།
མིག་སྔར། ཨ་མདོ་རྫོང་གནམ་གཤིས་ཅུས་ལ་ཁྱོན་ལས་བཟོ་9ཡོད་པའི་ནང་6ནི་བུད་མེད་ལས་བཟོ་ཡིན་པ་དང་། ལྟ་ཞིབ་ཚད་ལེན་དང་། སྐོར་ཞིབ། སྒྲིག་ཆས་སྲུང་སྐྱོང་། ས་འདྲུ་བ་སོགས་ཚང་མས་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད། 2021ལོར་དཀའ་སྤྱད་སྡུག་རུས་ཀྱི་མཉམ་སྡེབ་དེར་རྒྱལ་ཡོངས་བཟོ་པའི་གདོང་ལེན་བྱ་དགའ་དང་རྒྱལ་ཡོངས་བུད་མེད་དཔལ་ཡོན་ལས་གནས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
འགྱུར་ལྡོག་འདི་ལྟ་བུ།
ས་ཚིགས་མང་དུ་བཏང་ནས་གནམ་གཤིས་སྔོན་བརྡས་བདེ་འཇགས་དང་འཕེལ་རྒྱས་སྲུང་བ།
ཨ་མདོ་རྫོང་ཁོངས་སུ་ཡོད་པའི“ས་མཐོའི་མཁའ་ལམ”གཉིས་ཏེ། རྒྱལ་ལམ་109ཡི་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་གཉིས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
དེའི་ཁྲོད་རྒྱལ་ལམ་109ནི་བོད་ནས་འགྲོ་འོང་བྱེད་སའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། བོད་ནས་འགྲོ་འོང་བྱེད་པའི་དངོས་ཟོག་བསྡོམས་འབོར་གྱི་བཅུ་ཆ་བརྒྱད་ལྷག་ཙམ་ལམ་དེ་ནས་དབོར་འདྲེན་བྱེད་པ་དང་། གཞུང་ལམ་དེ་ད་དུང་ས་བབ་མཐོ་བ་དང་གངས་ཐིག་དང་ཐག་ཉེ་བའི་གདང་ལའི་འགག་སྒོ་བརྒྱུད་དགོས་ལ། ལོ་མང་གི་འཁྱགས་སའི་ས་ཁུལ་ཡང་བརྒྱུད་དགོས་པས་བརྒྱུད་རིམ་ཧྲིལ་པོར་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་པོ་ཡོད།
ལོ་རེའི་ཟླ་བ་གསུམ་པའི་ཟླ་མཇུག་ནས་ཟླ་བ་ལྔ་པའི་ཟླ་སྟོད་བར་ཆར་པ་འབབ་མང་བ་དང་། ཟླ་བ་བཅུ་གཅིག་པ་ནས་ཟླ་བ་བཅུ་གཉིས་པའི་ཟླ་སྟོད་བར་ཁ་བ་འབབ་མང་བས་རླངས་འཁོར་འགག་པའི་དོན་རྐྱེན་ཐོན་སླ་པོ་ཡོད། རང་བྱུང་ཁོར་ཡུག་ཞན་པའི་རྐྱེན་གྱིས་རླངས་འཁོར་འགག་ན་ཉེན་ཁ་ཧ་ཅང་ཆེ་བར་བརྟེན་གཞུང་ལམ་ཤར་གཏོང་འགན་ལེན་བྱ་རྒྱུ་ནི་ཨ་མདོ་རྫོང་གནམ་གཤིས་ཅུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ད་ཆ་གདང་ལར་འགྲིམ་འགྲུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཆ་ཚང་4བསྐྲུན་པ་དང་གནམ་གཤིས་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་བཏང་ནས་གདང་ལ་ཉག་ཁའི་འགྲིམ་འགྲུལ་ལམ་བཤང་ཆེད་འདེགས་སྐྱོར་ནུས་ལྡན་གྱིས་རླངས་འཁོར་དང་ཁ་ལོ་བ་དེ་བཞིན་འགྲུལ་པ་རྣམས་ཀྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།
“གནམ་གཤིས་དཔྱད་ཡིག་གསར་ཤོས་ཀྱི་ཕྱོགས་བསྡུས་དབྱེ་ཞིབ་ལྟར་ན། མ་འོངས་པའི་ཉིན་གསུམ་ནང་རྒྱལ་ལམ་109ཡི་གོང་མ་རི་ནས་བྱང་སྒོ་ཆེན་པོ་བར་གྱི་ལམ་དུམ་དུ་གངས་མ་ཆར་གྱི་གནམ་གཤིས་བསྟན་རྒྱུ་དང་། ཟླ་6ཚེས་17ཉིན་ཕྱི་དྲོར་དུས་ཐུང་གི་འབྲུག་ཆར་དྲག་པོ་འབབ་སླ་བས། ཨར་ལས་མི་སྣས་སྔོན་ལ་གྲ་སྒྲིག་ཡག་པོ་བྱེད་རོགས” ཟླ་6ཚེས་15ཉིན་གནམ་གཤིས་ཞབས་ཞུའི་ཆེད་དོན་སྔོན་བརྡ་ཞིག་ཨ་མདོ་རྫོང་གི་རྒྱལ་ལམ་109ཡི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་བཀོད་འདོམས་པུའུ་རུ་འབྱོར། ཚེས་17ཉིན་གྱི་ཆུ་ཚོད་15ཙམ་ལ། སྔོན་དཔག་བྱས་པའི་འབྲུག་ཆར་དྲག་པོ་དེ་སེར་བ་དང་མཉམ་དུ་བབས་པ་རེད། ལས་གྲྭ་པུའུ་ལ་སྔོན་ཚུད་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་འབྱོར་བས་འཕྲལ་སྡོམ་སྔོན་ཇུས་མགྱོགས་མྱུར་ལག་བསྟར་བྱས་ནས་གྱོང་གུན་སྔོན་འགོག་ནུས་ལྡན་ཐུབ་ཡོད། དེའི་ཐད། རྣམ་གྲངས་བཀོད་འདོམས་པུའུ་ཡིས་ཆེད་མངགས་ཨ་མདོ་རྫོང་གནམ་གཤིས་ཅུས་ལ་འཕྲིན་ལན་བཏང་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
དོན་གྲུབ་ཚེ་རིང་2018ལོར་ཨ་མདོ་རྫོང་གནམ་གཤིས་ཅུས་སུ་ཐོག་མར་སླེབས་སྐབས། རྫོང་ཡོངས་སུ་གནམ་གཤིས་བརྟག་དཔྱད་ས་ཚིགས་གསུམ་ལས་མེད་ཅིང་ད་ཆ་28ཡོད་པ་རེད། འོན་ཀྱང་ཨ་མདོ་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ཧ་ཅང་ཆེ་བ་དང་ས་བབ་མཐོ་ལ་གནམ་གཤིས་རྙོག་འཛིང་ཆེ་ཞིང་འགྱུར་སླ་བས། གནམ་གཤིས་སྔོན་བརྡའི་ཡང་དག་ཚད་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད།
གནས་ཚུལ་དེ་རིགས་རིམ་བཞིན་ལེགས་བཅོས་བྱེད་བཞིན་ཡོད་ཅིང་། ཉེ་ཆར། ཨ་མདོ་རྫོང་གནམ་གཤིས་ཅུས་ཀྱིས་སླར་ཡང་གནས་ཡུལ་བདམས་ནས་གནམ་གཤིས་བརྟག་དཔྱད་ས་ཚིགས་སྐྲུན་གྱི་ཡོད། “ཨ་མདོ་རྫོང་གིས་གནམ་གཤིས་བརྟག་དཔྱད་ས་ཚིགས་གསར་པ་མགྱོགས་མྱུར་སྐྲུན་བཞིན་ཡོད་ལ་གནམ་གཤིས་ལྟ་ཞིབ་ཚད་ལེན་དྲ་བ་ཟམ་མི་ཆད་པར་ཚགས་དམ་དུ་བཏང་ནས་གནམ་གཤིས་སྔོན་བརྡར་འདེགས་སྐྱོར་གང་ལེགས་བྱེད་བཞིན་ཡོད། དེ་དང་དུས་མཚུངས། ང་ཚོས་ཀྱང་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ས་གནས་འདི་གའི་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད”ཅེས་དོན་གྲུབ་ཚེ་རིང་གིས་གསར་འགོད་པར་བཤད།
ཨ་མདོ་གནམ་གཤིས་བརྟག་དཔྱད་ས་ཚིགས་ནི་རྒྱལ་ཁབ་ཀྱི་རིགས་དང་པོའི་དཀའ་ཚེགས་ཆེ་བའི་ས་ཚིགས་ཡིན་མོད། འོན་ཀྱང་ཐུབ་བསྟན་རྒྱལ་མཚན་དང་། དོན་གྲུབ་ཚེ་རིང་། ལས་བཟོ་ལོ་ན་གཞོན་ཤོས་བདེ་ཆེན་བསོད་ནམས་སོགས་ཚང་མས་ལས་བཟོ་རྒན་གྲས་ཀྱི་འབོད་སྐུལ་འོག་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད།
གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་འགྲམ་དུ“ཅིན་ཧྲུའེ་ཁྲོན་པ”ཞེས་པའི་ཡིག་འབྲུ་ལས་གསེར་འོད་ཆེམ་ཆེམ་འཕྲོ་བཞིན་ཨ་མདོའི་གནམ་གཤིས་ལས་དོན་པར་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱས་ཏེ། མཚོ་བོད་ས་མཐོའི་གནམ་གཤིས་ཀྱི་འགྱུར་ལྡོག་ཟིན་ཐོར་བཀོད་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་མུ་མཐུད་ལེགས་སྐྱེས་འབུལ་བཞིན་མཆིས།