པེ་ཅིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་ནས་ཡུལ་ཤུལ་དར་རྒྱས་ཀྱི་ལམ་བུ་བཏོད་པ།
2010ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་ཁ་གཏད་མཚོ་སྐྱོར་གྱི་འཐབ་ཇུས་ལག་ལེན་བསྟར་འགོ་ཚུགས་ཚུན། པེ་ཅིང་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ལོ་བཅོ་ལྔའི་རིང་རིམ་རྩིས་བརྒྱབ་ན་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་66.62བཏང་ནས་རོགས་སྐྲུན་རྣམ་གྲངས་ཁག་1167ལག་ལེན་བསྟར་བ་དང་། ལས་བྱེད་ཤེས་ལྡན་པ་མི་ཐེངས་316འདེམས་གཏོང་བྱས་ནས་ས་མཐོར་གཞི་ཚུགས་ཏེ་དམངས་འཚོའི་སྤུས་ཚད་ལེགས་གཏོང་དང་། ཐོན་ལས་ཀྱི་རང་སྟོབས་འཕེལ་བ། རིག་ནུས་རོགས་སྐྱོར་སོགས་ཀྱི་གསར་གཏོད་ཀྱི་བྱ་ཐབས་བརྒྱུད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འཕེལ་རྒྱས་ཀྱི་སྒུལ་ནུས་ཕྱོགས་ཡོངས་ནས་འཕེལ་བར་བྱས་ཏེ། དུས་རབས་གསར་པའི་ཁ་གཏད་རོགས་སྐྲུན་གྱི་ལེའུ་གསར་པ་བརྩམས་ཡོད།
རྩེ་རིམ་ཇུས་འགོད་ཐད། པེ་ཅིང་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲི་ཀྲང་གིས་གཙོས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མདུན་རྒྱབ་ཕྱོགས་དང་གྲོང་ཁུལ་དང་། དེ་བཞིན་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ཡོད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚོགས་པའི་སྣེ་ཁྲིད་ནས་ཡུལ་ཤུལ་ལ་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་དེ་མཚོ་སྐྱོར་ལས་དོན་ལ་གནད་སྨིན་ཇུས་འགོད་བྱས་ཡོད། མཚོ་སྐྱོར་མ་དངུལ“80%གཉིས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། སྒོར་དུང་ཕྱུར་20ལྷག་ཙམ་འཐོལ་པ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་ལ་རམ་འདེགས་བྱས་ཡོད། སྡོད་ཁང་དང་། འགྲོ་ལམ། འཐུང་ཆུ་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་ཏེ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་དང་སློབ་གསོ་རོགས་སྐྱོར་བྱས་པ་བརྒྱུད། ས་གནས་དེ་གའི་སྨན་བཅོས་དང་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་བ་དང་། ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་དེ་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་དུ་བདེ་བླག་ངང་འཛུགས་གཏོད་བྱས་པ་དང་། མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་ལ་རྒྱུགས་ལོན་མཁན་མི་གྲངས་ལོ་གསུམ་བསྟུད་མར་སྟོང་ལས་བརྒལ་ཡོད། ཡུལ་ཤུལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཞིང་འབྲོག་ལས་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས་རྒྱལ་སའི་འབྲོག་ལས་དང་རྒྱལ་སའི་ཡུལ་སྐོར་སོགས་ཀྱི་ཁེ་ལས་ནང་འདྲེན་བྱས་ཏེ“ཡུལ་ཤུལ་གྱི་འབྲི་གཡག”གི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་ནས་མི་ཐེངས་ཁྲི་1.5ལྷག་ཙམ་ལས་ཞུགས་ཡོང་བར་སྐུལ་ཁྲིད་དང་། མི་ཁྲི་3ལྷག་ཙམ་འབབ་འཕར་ཡོང་བར་ཁྱབ་འགྱེད། ཁྱད་ལྡན་ཐོན་རྫས་100ལྷག་ཙམ་པེ་ཅིང་དུ་ནང་འདྲེན་བྱས་ཡོད།