དམག་དཔུང་ས་གནས་གཅིག་སེམས་གཅིག་ཏུ་བསྒྲིལ། གཉིས་བཀུར་མཉམ་སྐྲུན་འབྲས་བཟང་རབ་ཏུ་སྨིན།
—— ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་སྐོར་བཀོད་པ།
“བོད་ཤར་གྱི་མུ་ཏིག”ཞེས་གྲགས་པའི་ཆབ་མདོ་གྲོང་ཁྱེར་ནི་བོད་ཀྱི་སྐར་ལྔའི་དར་དམར་བསྒྲེངས་ས་དང་པོ་དེ་ཡིན་པ་མ་ཟད། དམག་དམངས་ཀྱི་བརྩེ་བ་ཉ་ཆུ་ལྟར་ཟབ་པའི་གསར་བརྗེའི་ཞིང་ས་ཞིག་དེ་བས་རེད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“དཔའ་བོའི་གཉེན་ཉེ་འཚོལ་བའི”ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། གཞི་གྲངས་མཛོད་བསྡུར་བ་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་འབྱུང་ཁུངས་འཚོལ་བ། ཞིང་ཆེན་སྒྲོལ་ནས་མཉམ་ལས་བྱེད་པ་བཅས་བརྒྱུད་མིང་མེད་དཔའ་བོ་43གྱི་ཐོབ་ཐང་གཏན་འཁེལ་བྱེད་པར་རོགས་རམ་ཡག་པོ་ཐུབ་ཡོད། ཡུལ་དུས་བརྒལ་བའི“མཉམ་འཛོམས”བྱ་སྤྱོད་རེ་རེ་ལས་སྔོན་གཤེགས་དཔའ་བོ་ཡུན་རིང་ས་ཆ་གཞན་དུ་ལུས་པར་སེམས་གསོ་ཐུབ་པ་དང་། གཉེན་ཉེ་འཚོལ་བའི་བརྩེ་དུང་གི་འབྲེལ་ཐག་རེ་རེ་ལས་བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོར་ཁྱབ་པའི“གཉིས་བཀུར་དྲ་རྒྱ”བཙུགས་ཏེ་དུས་རབས་གསར་པར་ཆབ་མདོའི་དུས་རབས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་འོད་སྟོང་འཕྲོ་བར་བྱས་ཡོད།
ལམ་ལུགས་ཀྱིས་རྨང་གཞི་བརྟན་དུ་བཏང་ནས་གཉིས་བཀུར་ལས་དོན་ཚད་ལྡན་ཅན་དང་མ་ལག་ཅན་གྱི་ཕྱོགས་སུ་སྐྱོད་ཐུབ་པར་བྱས་པ།
སྔ་དྲོར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས་སུ་བྲེལ་འཚུབ་ཆེན་པོ་ཡོད་ཅིང་། ལས་དོན་པ་བསོད་ནམས་ཚེ་བརྟན་གྱིས་བློ་རྩེ་གཅིག་སྒྲིམ་ངང་དམག་མི་རྒན་གྲས་ཤིག་ལ་གཟིགས་སྐྱོང་ལག་ཁྱེར་གཉེར་བཞིན་ཡོད་པ་རེད།
“འདི་གར་ནི་ལས་དོན་སྒྲུབ་ཡུལ་གྱི་སྐར་ཁུང་ཙམ་མ་ཡིན་པར། དམག་མི་རྒན་གྲས་ཚོའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་དེ་བས་རེད”ཅེས་བསོད་ནམས་ཚེ་བརྟན་གྱིས་བཤད།
རྣམ་པ་དེ་ལྟ་བུ་ནི་ཆབ་མདོ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་གཉིས་བཀུར་ལས་ཀའི་མ་ལག་འཛུགས་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གཉིས་བཀུར་ལས་དོན་དེ“འགོ་འཛིན་དང་པོའི་འདུ་འགོད”དུ་བརྩིས་ནས་གྲོང་ཁྱེར་དང་། རྫོང(ཆུས)ཤང(གྲོང་རྡལ)གྲོང་ཚོ(གྲོང་ལྷན)བཅས་ལ་ཁྱབ་པའི་རིམ་བཞིའི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས(ས་ཚིགས)བསྐྲུན་ནས། “འཕྲེད་ཀྱི་མཐའ་ཟིན་པ་དང་གཞུང་གི་མཐིལ་ཐུག་པའི”ཞབས་ཞུའི་དྲ་རྒྱ་ཆགས་པར་བྱས་ཡོད།
ཆབ་མདོར་བཅའ་སྡོད་དཔུང་སྡེ་ཞིག་གི་གསར་དུ་བསྐྲུན་པའི་རིག་ནུས་གསོ་རླུང་མཁོ་སྤྲོད་མ་ལག་གིས་འཐབ་འཛིང་པ་ཚོའི“ས་མཐོར་མི་འཕྲོད་པའི་དབང་གིས་སྦྱོང་བརྡར་ལ་ཤུགས་རྐྱེན་ཐེབས་པའི”ལོ་རྒྱུས་མཇུག་འགྲིལ་ཡོད། དེ་ནི་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“དཔུང་སྡེའི་དགོས་མཁོ་ནི་ང་ཚོའི་བྱ་སྤྱོད་ཀྱི་ཁ་ཕྱོགས་ཡིན”ཞེས་པའི་ཁས་ལེན་དེ་རེད།
ཕྱོགས་གཉིས་སུ་བསྐྱོད་དེ་དམག་དམངས་མཉམ་འདྲེས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་བཏོད་པ།
ཆབ་མདོར“དམག་མིའི་བུ་ཕྲུག་གི་སློབ་གསོའི་གཟིགས་སྐྱོང”ཞེས་པ་ནི་སྐད་ཆ་སྟོང་པ་ཙམ་ཞིག་མིན་པར་དམག་མིའི་བུ་ཕྲུག་661“ཐོགས་མེད་བགྲོད་ལམ”བརྒྱུད་སློབ་གྲྭ་རྩེ་གྲར་བཅུག་པ་རེད།
དེ་བས་དྲོ་སྐྱིད་ལྡན་པ་ནི“ལས་ཞུགས་ཐད་གཏོང་རླངས་འཁོར”གྱི་ཞབས་ཞུ་དེ་རེད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་མ་ལག་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་སྟེགས་ཧུར་ཐག་བསྐྲུན་ནས་ཁྱོན་ཆེད་དོན་ལས་བསྡུའི་འདུ་ཚོགས་ཐེངས་60ལྷག་ཙམ་གཉེར་བས་དམག་ཞབས་ཐིམ་པའི་དམག་མི་186ལས་ཞུགས་བདེ་བླག་ཐུབ་ཡོད་པ་རེད། དེ་དང་ཆབས་ཅིག་དམག་ཞབས་ཐིམ་པའི་དམག་མི་58རང་འགུལ་ངང་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་ནང་ཞུགས་ཏེ་མཛེས་སྡུག་ལྡན་པའི་ས་མཐོ་འཛུགས་སྐྲུན་ཁྲོད་དཔའ་ངར་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་བས། “དམག་མི་ཀྲི་པུའི་ཧྲུའུ་ཅི”དང“དམག་མི་ཨུ་ཡོན”སོགས་གཞི་རིམ་གྱི་རྐང་འཛིན་པར་རིམ་བཞིན་འཚར་ལོངས་བྱུང་ནས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྣེ་ཁྲིད་པར”གྱུར་ཡོད།
དམག་ཞབས་ཐིམ་པའི་དམག་མི་བཀྲ་ཤིས་ཕུན་ཚོགས་དེ་སྔ་གངས་ལྗོངས་ས་མཐོར་མཐའ་མཚམས་སྲུང་ནས་ལོ་ལྔ་བསྡད་ཡོད། 2013ལོའི་ཟླ་7པར་ཁོང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་སྤོ་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདེ་བླག་ངང་བདམས་པ་རེད། ལོ་མང་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་དམག་དཔུང་ནས་ཁ་བྲལ་རུང་ཏང་དང་ཁ་མ་བྲལ་བ་དང་དམག་ཞབས་ཐིམ་རུང་དམག་མིའི་རང་གཤིས་མ་ཉམས་པར་བྱས་ཏེ། འགྱུར་ལྡོག་གསར་པ་ཡོང་བར་བྱེད་པའི་འབད་འཐབ་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་གྲོང་མི་ཚོའི་སྣེ་ཁྲིད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་གི་ཡོད། དེ་སྔའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཧ་ཅང་ཉུང་ཉུང་ཞིག་ནས་ད་ལྟའི་ལོ་རེའི་ཡོང་འབབ་སྒོར་ཁྲི་46ཟིན་པའི་བར་རྒྱ་ཆེར་བཏང་ཡོད།
དམངས་ཀྱིས་དམག་ལ་བརྩི་བ་དང་དམག་གིས་དམངས་ལ་བརྩེ་བའི་བྱ་སྤྱོད་མང་དག་ཐོན་ཞིང་། ཉེ་བའི་ལོ་ཤས་རིང་ཆབ་མདོར་བཅའ་སྡོད་དཔུང་སྡེས“དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་ནས་སྒོར་ཁྲི་100ལྷག་ཙམ་རི་བའི་སྨན་རྫས་རིན་མེད་ངང་སྤྲད་པ་དང་། བཅའ་སྡོད་བྱ་ཡུལ་སློབ་གྲྭར་རོགས་སྐྱོར་མ་དངུལ་སྒོར་ཁྲི་200ལྷག་ཙམ་སྤྲད་པ། རིན་ཐང་སྒོར་ཁྲི་62རི་བའི་དཔེ་དེབ་དང་སྒྲོག་ཙེ་རྐུབ་སྟེགས་སོགས་སློབ་སྦྱོང་ཡོ་བྱད་ཞལ་འདེབས་ཕུལ་བ། དམིགས་འཛུགས་རོགས་སྐྱོར་གྲོང་ཚོ་28ལ་རིན་ཐང་སྒོར་ཁྲི་600ལྷག་ཙམ་རི་བའི་འཚོ་བའི་མཁོ་ཆས་ཞལ་འདེབས་ཕུལ་བ་བཅས་བྱས་ཡོད།
བསམ་པའི་བླ་སྲོག་བཏོད་དེ་གསར་བརྗེའི་སྙིང་སྟོབས་དུས་རབས་གསར་པའི་གཉིས་བཀུར་རིག་གནས་ཀྱི་ཞིང་ས་གཤིན་པོར་ཁྱབ་པར་བྱས་པ།
ཆབ་མདོའི་ཁྲོམ་གཞུང་དུ་འཆམ་འཆམ་ལ་སྐྱོད་སྐབས“གཉིས་བཀུར་ཐང་ཆེན”དང“གཉིས་བཀུར་ཁྲོམ་གཞུང”ཞེས་པའི་སྦྱར་ཡིག་དམར་པོ་གང་སར་མཐོང་རྒྱུ་ཡོད། ཆབ་མདོའི་གཡུལ་འགྱེད་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་གྱིས་ཆ་འཕྲིན་ཀུན་གསལ་གྱི་བརྙན་སྟོན་ལག་རྩལ་ལ་བརྟེན་ནས་སྔོན་ཆད་ཀྱི་གཡུལ་སའི་འགྱུར་ལྡོག་ཆེ་བའི་དུས་གནས་གསོན་ཉམས་དོད་པོས་སླར་ཡང་མངོན་པར་བྱས་ཡོད། ཆབ་མདོ་གྲོང་ཁྱེར་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་དེ་སྔའི་ཀྲུའུ་རེན་ལི་ཅ་ཞུས་ཀྱིས“མིག་སྔར་གྲོང་ཁྱེར་ཡོངས་སུ་གཉིས་བཀུར་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་གླིང་2དང་གཉིས་བཀུར་ཁྲོམ་གཞུང་2བསྐྲུན་པ་དང་གཉིས་བཀུར་གྱི་དྲིལ་བསྒྲགས་བྱང་བུ་སྣ་ཚོགས་267བཀོད་སྒྲིག་བྱས་པ་མ་ཟད། ཐ་ན་སྤྱི་སྤྱོད་རླངས་འཁོར་ཡང‘སྒུལ་བདེའི་གཉིས་བཀུར་སློབ་ཁང’དུ་འགྱུར་ནས་གཉིས་བཀུར་རིག་གནས་མི་སེམས་སུ་གཏིང་ཟབ་ཟུག་ཡོད”ཅེས་ངོ་སྤྲོད་བྱས།
ས་རུབ་སྐབས་ཇ་རྟ་ཐང་ཆེན་གྱི་གཉིས་བཀུར་བརྗོད་དོན་གཙོ་བོར་བྱས་པའི་གྱང་ཐོག་ཏུ“དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས”ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྦྱར་ཡིག་མཐོང་རྒྱུ་ཡོད། ཆབ་མདོས་དུས་རབས་གསར་པའི་གཉིས་བཀུར་གྱི་རྒྱང་ལམ་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། “བཅིངས་འགྲོལ་དམག་མི་ཡག་པོ་འདུག”ཞེས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ངོ་མཚར་ཅན་མུ་མཐུད་བརྩམས་ཏེ་དམག་དམངས་མཐུན་སྒྲིལ་བྲག་ལྟར་བརྟན་པ་དེ་ནི་འཕེལ་རྒྱས་ལམ་བུའི་ཐོག་གི་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པ་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།