ལྗོངས་ཡོངས་ཀྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་ཕྱོགས་སྡོམ་ཞིབ་བཤེར་རྩིས་ལེན་དུས་མཚམས་ཀྱི་ལས་དོན་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ།
ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་ཁྲིམས་སྲུང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་གི་2025ལོའི་མཉམ་འབྲེལ་ཚོགས་འདུ་དང་ལྗོངས་ཡོངས་ཀྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་ཕྱོགས་སྡོམ་ཞིབ་བཤེར་རྩིས་ལེན་དུས་མཚམས་ཀྱི་ལས་དོན་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུར་རང་ལྗོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཕྱོགས་སྡོམ་ཞིབ་བཤེར་རྩིས་ལེན་དུས་མཚམས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། འབྲེལ་ཡོད་ཚན་པ་དང་ས་ཁུལ་དང་གྲོང་ཁྱེར་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཀྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལག་ལེན་བསྟར་ཚུན་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བཅའ་ཁྲིམས་ཁྱབ་གདལ་གྱི་ཕྱོགས་སྡོམ་ཞིབ་བཤེར་རྩིས་ལེན་གོ་སྐབས་སུ་བཟུང་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། བཅའ་ཁྲིམས་ཁྱབ་གདལ་ལས་ཀའི་རྣམ་པ་གསར་པ་བཏོད་དེ། གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱེད་པ། ཕྱོགས་སྡོམ་ཞིབ་བཤེར་རྩིས་ལེན་དུས་མཚམས་ཀྱི་ལས་དོན་ལེགས་གྲུབ་བདེ་བླག་ཡོང་བའི་འགན་ལེན་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།