དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ནག་ཆུས།

    “སྐར་ཁུང་གཅིག་ནས་བྱ་བ་མང་པོ་བསྒྲུབས”ཏེ་དམངས་ལ་སྟབས་བདེ་བསྐྲུན་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-08

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་གཞི་རིམ་གྱི་སྲིད་དོན་ཞབས་ཞུའི་སྐར་ཁུང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྐར་ཁུང་ལས་སྒོ་བསྡུ་སྒྲིལ་དང་ཡུག་སྦྲེལ་ཞིབ་མཆན་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་ལས་སྒོའི་སྐར་ཁུང་འཛུགས་པ། མདུན་སྟེགས་ལས་སྒོ་བདག་སྤྲོད་བྱེད་པ། རྒྱབ་སྟེགས་རིགས་དབྱེ་ཞིབ་མཆན་འགོད་པ་བཅས་བྱས་ཏེ། སྲིད་གཞུང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།

    མིག་སྔར། ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་11ཚང་མར་སྲིད་དོན་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། ཤང་དང་གྲོང་རྡལ་དུ་དམངས་ཕན་ཞབས་ཞུའི་ལྟེ་གནས་བཙུགས་ཤིང་། མང་ཚོགས་ཀྱིས་ཕྱོགས་བསྡུས་ལས་སྒོའི་སྐར་ཁུང་དུ་དཔྱད་གཞིའི་ཡིག་རིགས་ཕུལ་ཚེ་ལས་སྒོ་ཚང་མ་གཅིག་འཐུས་རྣམ་པའི་སྒོ་ནས་སྒྲུབ་ཐུབ་པ་མ་ཟད། ད་དུང་ལག་ཐོགས་ཁ་པར་ནས་ལས་སྒྲུབ་མྱུར་ཚད་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད། “དོན་དག་ཚང་མ་སྐར་མ་ལྔའི་ནང་བསྒྲུབས་ཚར་སོང”ཞེས་འགྲོ་ལམ་སྐྱེལ་འདྲེན་གྱི་ཐོབ་ཐང་ལག་ཁྱེར་གཉེར་བར་ཡོང་མཁན་བཀྲ་ཤིས་ཆོས་འཕེལ་ཧང་སངས་བཞིན་དུ་སྟབས་བདེའི་ཞབས་ཞུ་ལས་ཐོབ་པའི་མྱོང་ཚོར་བརྗོད།

    ནག་ཆུ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སྲིད་དོན་ཞབས་ཞུ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་མཚམས་གཅོད་ཀྱིས། དེ་སྔོན་ལས་སྒྲུབ་བརྒྱུད་རིམ་ཅུང་རྙོག་འཛིང་ཆེ་ལ་དུས་ཚོད་ཀྱང་རིང་པོ་འགོར་བ་དཔེར་ན། གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་གཉེར་སྐབས། མང་ཚོགས་ཀྱིས་ཁྲལ་དོན་དང་སྡོད་ཁང་དོ་དམ་སོགས་སྡེ་ཚན་མང་པོར་བསྐྱོད་དེ་རེ་ཞུ་དང་དཔྱད་གཞིའི་ཡི་གེ་འབུལ་དགོས་ཀྱི་ཡོད། ད་ལྟ་སྐར་ཁུང་གཅིག་ནས་གཅིག་འཐུས་རྣམ་པའི་ཞབས་ཞུ་ཁྱབ་སྤེལ་བཏང་རྗེས། གནད་དོན་འདི་དག་ཐག་གཅོད་ཡག་པོ་ཐུབ་ཡོད། “གྲངས་གཞིས་འཁོར་རྒྱུག་མང་ཙམ་བྱེད་པ་དང་མང་ཚོགས་ཕར་འགྲོ་ཚུར་འོང་མང་པོ་བྱེད་མི་དགོས་པ”བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ད་དུང“དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ”ཁྱབ་གདལ་བཏང་བ་དང་། “སྒོ་རྩར་སྒྲུབ་པ”དང་། “ཁ་ཆད་བཞིན་སྒྲུབ་པ” “ཐོགས་མེད་བགྲོད་ལམ”སོགས་ཞབས་ཞུའི་བྱ་ཐབས་བཏོན་པས། ཐག་རིང་གྲོང་ཚོ་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་མང་ཚོགས་ཀྱི་ལས་སྒྲུབ་དཀའ་ངལ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་སྟེ། སྲིད་དོན་ཞབས་ཞུའི“སྐར་ཁུང་ཆུང་ངུའི་ཕན་འབྲས་ཆེན་པོ”མངོན་ཡོད་ཅེས་བརྗོད།

    2024ལོར། ནག་ཆུ་གྲོང་རྡལ་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱིས་སྐར་ཁུང་ཁག་8ཁག་4རུ་ཟླ་སྒྲིལ་བཏང་ནས། “3+1སྐར་ཁུང”བཏོད་ཡོད། དེ་དག་ནི་དམངས་འཚོའི་སྐར་ཁུང་དང་། ཕྱོགས་བསྡུས་སྐར་ཁུང་། ཐེམ་ཐོའི་སྐར་ཁུང་། དུས་འཁོར་རང་བཞིན་གྱི་སྐར་ཁུང་བཅས་ཡིན་ཞིང་། “སྐར་ཁུང་གཅིག་ནས་བྱ་བ་མང་པོ་སྒྲུབ་ཐུབ་པ” མངོན་འགྱུར་བྱུང་ཡོད། དུས་འཁོར་རང་བཞིན་གྱི་སྐར་ཁུང་གིས་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་སྟབས་བསྟུན་ལས་སྒྲུབ་དང་། ལས་དོན་པས་ལས་རེས་བྱས་ནས་མང་ཚོགས་སྟོང་ལོག་མི་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། ནག་ཆུ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཧྲེན་ཡན་ཤིའུ་ཡིས་གསར་འགོད་པར། སྐར་ཁུང་ཟླ་སྒྲིལ་བཏང་རྗེས། ལས་དོན་པའི་ལས་སྒོའི་ཕྱོགས་བསྡུས་ནུས་པ་དང་ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་ཐུབ་པར་མ་ཟད། མི་དེ་བས་མང་བ་གྲོང་ཚོར་བསྐྱོད་ནས་རང་འགུལ་ངང་འཐབ་ས་དང་པོའི་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཐུབ་ཀྱི་ཡོད་ཅེས་བརྗོད།

    ནག་ཆུ་གྲོང་རྡལ་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་ཆེད་བསྐོས་པ་ཕུའུ་ཧྭ་ཧྥུང་གིས་དེ་སྔ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་རྡལ་གཉའ་ནག་གྲོང་ཚོའི་ཡུལ་མི་སྲི་ཆོས་མཚོ་མོ་བཟའ་ཚང་ཁ་བྲལ་རྗེས་རང་ཉིད་གཅིག་པུས་རྐང་པ་ཐང་པོ་མེད་པའི་བུ་མོར་ཉིན་མཚན་མེད་པར་ལྟ་སྐྱོང་བྱེད་དགོས་པས། གཏན་འཇགས་ཀྱི་ལས་ཀ་རག་གི་མེད།

    སྲི་ཆོས་མཚོ་མོས་འགྲམ་དུ་རྩེད་མོ་རྩེ་བཞིན་པའི་བུ་མོར་བལྟས་ཏེ། “ཁོང་ཚོས་པེ་ཅིང་གི་སྨན་ཁང་དང་འབྲེལ་གཏུག་བྱས་ནས་ངའི་བུ་མོར་རིན་མེད་སྨན་བཅོས་བྱེད་རོགས་བྱས་པ་མ་ཟད། ད་དུང་རང་ཉིད་ལའང་གནས་སྐབས་ཀྱི་རོགས་སྐྱོབ་རེ་ཞུ་བྱས་བྱུང”ཞེས་བརྗོད་ཅིང་། ཁོང་གིས། “སྲིད་གཞུང་ལ་དངོས་གནས་ཐུགས་རྗེ་ཆེ་ཞུ་གི་ཡིན། མ་གཞི་འཚོ་བར་དཀའ་ངལ་ཡོད་མོད། འོན་ཀྱང་སྲིད་གཞུང་ཡོད་པས་དངོས་གནས་བློ་བདེ་པོ་འདུག”ཅེས་རེ་བས་ཁེངས་བཞིན་དུ་བརྗོད།

    དམངས་ཕན་དམངས་བདེའི་བྱ་སྤྱོད་དེ་དག་ནི་ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་བསྟར་གཏིང་ཟབ་བསྟར་ནས་ལས་ཀའི་སྤྱོད་ཚུལ་ཏན་ཏིག་སྒྱུར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ནག་ཆུ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་དབྱང་ཅིན་ཧའེ་ཡིས། “སྐར་ཁུང་གཅིག་ནས་སྣ་མང་ལས་སྒྲུབ”སོགས་ཀྱི་དངོས་སྒྲུབ་བྱ་ཐབས་ཁྱབ་གདལ་བཏང་བར། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ། མང་ཚོགས་ལ་དྲོ་སྐྱིད་སྦྱིན་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།