སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པར་རང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ལུགས་མཚོན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཤིང་ཐང་གིས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་འཕྲིན་ལན་སྤྲིངས་པ་དེ་བསིལ་བསིལ་དཔྱིད་རླུང་དང་འདྲ་བར་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་ལྡང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོ་སྤྲོ་བ་རབ་ཏུ་བརྟས་ཤིང་། སེམས་ཤུགས་ལྡབ་འགྱུར་འཕེལ་བ། སྐུལ་ལྕག་ཆེན་པོ་ཐེབས་ཡོད་ཅེས་བརྗོད་པ་དང་། ཁོང་གིས“ཞིང་འབྲོག་སློབ་ཆེན་དང་ཀ་ལ་གྲོང་ཚོའི་དབར་བར་ཐག་སྤྱི་ལེ་10ལྷག་ཙམ་ཡོད་ཅིང་། ནམ་རྒྱུན་དགེ་སློབ་ཚོས་རྟག་ཏུ་ཀ་ལ་གྲོང་ཚོར་ལྟ་སྐོར་དང་བརྟག་ཞིབ་ཏུ་སྐྱོད་སྐབས། ལོ་དེ་དག་ནང་ཀ་ལ་གྲོང་ཚོའི་འགྱུར་ལྡོག་ཆེན་པོ་མིག་མཐོང་ལག་ཟིན་ཐུབ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག ད་ལོར་ང་ཚོའི་སློབ་གླིང་སློབ་ཆེན་ལ་མིང་སྒྱུར་བའི་དམིགས་ཚད་མངོན་འགྱུར་བདེ་བླག་བྱུང་ཡོད། དེ་ནི་གོ་སྐབས་གསར་པ་ཞིག་རེད་ལ། འགྲན་སློང་གསར་པ་ཞིག་དེ་བས་ཀྱང་རེད། ‘བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད’”ཅེས་བརྗོད།
ཀྲང་ཤིང་ཐང་གིས་བརྗོད་དོན། སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་གྲྭའི་གོང་འོག་ཚང་མས་སློབ་སྦྱོང་ལག་བསྟར་དེ་བས་གཏིང་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་ཆེད་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་གི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། སློབ་གསོར་བརྟེན་ནས་མཐའ་མཚམས་སྲུང་བ་དང་། སློབ་གསོར་བརྟེན་ནས་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་པ། སློབ་གསོར་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བ་བཅས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་ཁུར་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བར་གཞོལ་ནས། ཆེད་ལས་ཀྱི་བཀོད་པ་ལེགས་སྒྲིག་དང་། རིག་ཚན་གྱི་ཁ་ཕྱོགས་ཚན་རིག་དང་མཐུན་པའི་ངང་འཆར་འགོད། ཚན་རིག་ཚན་ཁག་གྲ་རྒྱས་སུ་གཏོང་བ་དང་། བཟོ་ལས་ཚན་ཁག་རྒྱ་སྟོབས་ཆེ་རུ་གཏོང་བ། ཞིང་ལས་ཚན་ཁག་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བཀོལ་སྤྱོད་རྣམ་པའི་ཆུ་གློག་ཞིང་འབྲོག་ཚན་རྩལ་བཅས་ཀྱི་སློབ་ཆེན་སྐྲུན་ཆེད་འབད་བརྩོན་བྱེད་ཀྱི་ཡིན།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་སློབ་སྦྱོང་བྱས་རྗེས། བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བདེ་སྐྱིད་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་ཡིག་ཕྲེང་དང་ཡིག་འབྲུ་རེ་རེར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ཐུགས་ཁུར་ཟབ་མོས་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ནང་། “ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་དེ། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད”ཅེས་གསུངས་ཡོད་པས། དེ་ལས་ཏང་ཀྲུང་དབྱང་གིས་བོད་ལ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གང་ལེགས་མཚོན་ཡོད་ཅེས་བརྗོད་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ནང་། “གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་དེ་བས་ལེགས་པར་གཏོད་དགོས”ཞེས་གསུངས་པ་ལས་བོད་ཀྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལྗང་མདོག་འཕེལ་རྒྱས་ལམ་བུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀ་ལ་གྲོང་ཚོའི་གསོན་ཉམས་དོད་པའི་ལག་ལེན་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཏན་ཏིག་བྱས་ཚེ། ད་གཟོད་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཐུབ་པ་ར་སྤྲོད་གཏིང་ཟབ་ཐུབ་ཡོད་ཅེས་བརྗོད།
“རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད” སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་སློབ་སྦྱོང་བྱས་རྗེས། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ཡིས། དུས་རབས་གསར་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་སྐབས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་གཏོད་པ་དང་། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་དང་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རིག་གནས་གཅིག་མཐུན་རང་བཞིན་གྱི་སྐད་ཆ་ཤོད་སྟངས་དང་། མི་རིགས་ཁག་ལ་མཉམ་བདག་མཉམ་སྤྱོད་ཀྱི་ཀྲུང་ཧྭའི་རིག་གནས་མཚོན་རྟགས། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་བཅས་གཏོད་པར་དེ་བས་མཐོང་ཆེན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་སེམས་ཕྱོགས་སར་འགྱུར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་འགྱུར་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་ལམ་བུར་བརྟན་ཁྲོད་མདུན་སྐྱོད་ཐུབ་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འགན་ལེན་བྱེད་དགོས་ཞེས་བརྗོད།