ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་གྲོང་གསེབ་བསྐྲུན་པ།
ཁམ་བུའི་མེ་ཏོག་གྲོང་ཚོར་རབ་ཏུ་བཞད་པའི་མཐུན་སྒྲིལ་མེ་ཏོག
གློག་འོད་རབ་ཏུ་བཀྲ་ཞིང་། མེ་སྒོང་ལྷོག་ལྷོག་ཏུ་འབར་བཞིན་པའི་ཆར་གཡབ་འོག་ཏུ་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལྷན་དུ་འཛོམས་ཏེ་ཀ་ལ་གྲོང་ཚོའི་ཡུལ་མི་དང་མཉམ་དུ་རྒྱ་བོད་སྐད་གཉིས་ཀྱི་སྙན་པའི་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་འོད་རྒྱུག་དལ་བུར་གཡུགས་གཡུགས་གཏོང་བའམ་ཡང་ན་ལུས་ཀྱི་སྟངས་སྟབས་ཅི་དགར་སྒྱུར་བཞིན་སྒོར་གཞས་འཁྲབ་པར་བྲེལ། འཁྲུག་ཆ་དོད་ལ་ཉམས་དགའ་བའི་རྣམ་པ་ཞིག་གང་སར་ཁྱབ་ཅིང་། འཁྲུག་ཆ་དོད་པའི་མི་རིགས་མཉམ་སྤྲོའི་མེ་སྒོང་མཚན་ཚོགས་འདི་འདྲ་ཧ་ལམ་ཉིན་ལྟར་འཚོགས་ཀྱི་ཡོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་ཡིན་ཞིང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་མི་རྣམས་ལ་སྒོ་མོ་ཡངས་པོར་ཕྱེ་སྟེ་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་གྲོང་གསེབ་བསྐྲུན་བཞིན་མཆིས།
“ཟླ་6ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ་ཚང་མར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བཀའ་མངགས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ནི་ཐུགས་བརྩེ་བ་ཟབ་ལ་མི་སེམས་དྲོ་བ་དང་། ཐུགས་རེ་ཟབ་མོས་ཁེངས་པས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་འདི་ལྟར་བརྗོད།
2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་རིང་ཀ་ལ་གྲོང་ཚོར་ཕེབས་ནས། གྲོང་མི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ལོ་འདི་དག་ནང་། སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པས་གྲོང་གསེབ་དར་རྒྱས་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སོགས་ཕྱོགས་ཁག་ཚང་མར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ཐོབ་ཡོད།
ཀ་ལ་གྲོང་ཚོར་ཁྱིམ་ཚང་ཚང་མ་ནི་མི་རིགས་མཐུན་སྒྲིལ་ལག་ལེན་བསྟར་མཁན་གྱི་སེ་འབྲུའི་རྡོག་པོ་རེད།
གྲོང་མི་ཚེ་བརྟན་བཀྲ་ཤིས་ཀྱི་ཁྱིམ་དུ་སྐྱོད་སྐབས། ཚོན་ཁྲ་མིན་པའི་ནང་མི་མཉམ་འཛོམས་ཀྱི་པར་སྒྲོམ་ཞིག་བཀལ་ཡོད་པ་དེ་མངོན་གསལ་ལྷག་པར་དོད་ཅིང་། པར་དེ་ལས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དེས་བདེ་སྐྱིད་རྒྱུན་བསྐྱངས་པའི་བདེན་དཔང་བྱེད་ཐུབ།
ཚེ་བརྟན་བཀྲ་ཤིས་ཀྱི་རྨོ་བོ་པད་མ་དང་ཨན་ཧུའེ་ཤའོ་རྫོང་གི་ཀྲང་ཡུང་ཤིན་གཉེན་སྒྲིག་བྱས་ཤིང་། ད་ཆ་ཁྱིམ་རྒྱུད་མི་རབས་གསུམ་པར་སླེབས་ཡོད། ལོ་བཅུ་ཕྲག་འགའ་ཤས་རིང་། ཁྱིམ་ཚང་འཆམ་མཐུན་དང་འཚོ་བ་དེ་བས་ཡག་ཏུ་འགྲོ་བཞིན་ཡོད། ཚེ་བརྟན་བཀྲ་ཤིས་ཀྱིས། “མི་རིགས་མཐུན་སྒྲིལ་ལྡན་པ་དང་ཕན་ཚུན་བརྩེ་བ་ཟབ་པ་ནི་ང་ཚོའི་ཁྱིམ་གྱི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན”ཞེས་བརྗོད།
གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེའི་ཁྱིམ་དུ་2023ལོའི“ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་སྐབས་དང་པོའི་བྱ་དགའ་རིམ་པ་དང་པོ”ཞེས་པའི་གཟེངས་བསྟོད་རྟགས་མ་ཞིག་ཡོད་པ་དེའང་མངོན་གསལ་དོད་ས་ཞིག་ཏུ་བཞག་འདུག
ཉི་མ་རྡོ་རྗེས་གཟེངས་བསྟོད་རྟགས་མར་བྱི་དོར་བྱེད་བཞིན་དུ། “སྐབས་དེར་ངའི་གཏམ་བཤད་ཀྱི་བརྗོད་དོན་གཙོ་བོ་ནི་མི་རིགས་མཐུན་སྒྲིལ་སྐོར་ཡིན”ཞེས་དང་། ཁོང་གིས། “མི་རིགས་མཐུན་སྒྲིལ་ནི་ང་ཚོའི་གྲོང་ཚོའི་འཕེལ་རྒྱས་ཀྱི་རྨང་གཞི་རེད། མི་རིགས་མཐུན་སྒྲིལ་ལ་ཕན་པའི་ལས་ཀ་མང་ཙམ་བྱས་ན། ད་གཟོད་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ”ཅེས་བརྗོད།
ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོ”ཡིན་པའི་ཀ་ལ་གྲོང་ཚོར་ཆ་བཞག་ན། ཡུལ་སྐོར་ལས་རིགས་ནི་ཀ་རྟེན་ཐོན་ལས་རེད། ཡུལ་གཞན་གྱི་ཡུལ་སྐོར་བ་དེ་གར་ཡུལ་སྐོར་དུ་ཡོང་བ་དེས་གྲོང་མི་ཚོར་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་གོ་སྐབས་རག་ཡོད། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཡག་པོ་བྱས་ན་ད་གཟོད་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བ་གྲོང་མི་རྣམས་ཀྱིས་གསལ་པོར་ཤེས་ཀྱི་ཡོད།
ལོ་བདུན་གོང་། ཀ་ལ་གྲོང་ཚོས་ཡུལ་སྐོར་གྱི་ལྷན་སྦྱར་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་ཆེད། ས་ཞིང་བོགས་མར་གཏོང་བའི་ཐབས་ལ་བརྟེན་ནས་ཁམ་བུའི་མེ་ཏོག་གི་རི་གྲོང་རྣམ་གྲངས་ནང་འདྲེན་བྱས་པ་དང་། ལོ་མང་གཉེར་སྐྱོང་བྱས་པ་བརྒྱུད། ཁམ་བུའི་མེ་ཏོག་རི་གྲོང་དེ་ཀ་ལ་གྲོང་ཚོའི་ཆ་ཤས་ཤིག་ཏུ་གྱུར་ཏེ། རྒྱལ་ལམ་318རྒྱུད་ཀྱི་དྲ་གྲགས་ས་ཆ་ཞིག་ཏུ་གྱུར་ཡོད།
གྲོང་མི་ཚེ་རིང་དབང་རྒྱལ་གྱིས་འཛུམ་དམུལ་དམུལ་ངང་། “ཡུལ་སྐོར་ཐད་ཁམ་བུའི་མེ་ཏོག་རི་གྲོང་ནི་གྲོང་ཚོའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ང་ཚོ་ཕན་ཚུན་དབར་ལྟ་རྟོག་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱེད་ཀྱི་ཡོད་ལ། གྲོང་མི་ཚོ་ཁ་ལག་ཟ་བར་ཕྱིན་ནའང་རི་གྲོང་ནས་གོང་གཅོག་གི་ཡོད” ཅེས་བཤད།
ཀ་ལ་གྲོང་ཚོ་ནི་མཐུན་སྒྲིལ་ལ་བརྟེན་ནས་ཕྱུག་པོ་ཆགས་པ་ཞིག་དང་མཐུན་སྒྲིལ་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་རེད། མཐུན་སྒྲིལ་དང་འཕེལ་རྒྱས་ཀྱི་གཏམ་རྒྱུད་རྒྱུན་འཛིན་དང་ཁྱབ་གདལ་དེ་བས་ལེགས་པ་གཏོང་ཆེད། ཀ་ལ་གྲོང་ཚོས་གསར་བརྗེའི་ཞིབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་ཁང་བཙུགས་ཏེ། གསོན་ཉམས་དོད་པའི་པར་དང་འཕེལ་རྒྱས་ཀྱི་ཅ་དངོས་ལ་བརྟེན་ནས་གྲོང་ཚོའི་ལོ་རྒྱུས་དང་འཕོ་འགྱུར་དང་། མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོར་གཏོང་འདུ་འགོད་མུ་མཐུད་ལག་ལེན་བསྟར་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་མང་ཆེ་བས་སྤྱི་སྤྱོད་སྐད་ཤོད་ཐུབ་པར་བྱས་པ། མི་རིགས་མཐུན་སྒྲིལ་ཐང་ཆེན་བསྐྲུན་ནས་དེའི་གྱང་ལྡེབས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཡིག་རིས་དང་སྦྱར་ཡིག་བཀལ་བ། བཅའ་སྡོད་དཔོན་དམག་དང་མཉམ་སྐྲུན་མཉམ་གཏོད་ཀྱི་བྱེད་སྒོ་སྤེལ་བ་དང་། བཅའ་སྡོད་ཁེ་ལས་དང་མཉམ་དུ་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་སོགས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པས། རི་གྲོང་ཆུང་ངུ་དེར་བདེ་སྐྱིད་ཀྱི་ལམ་བུ་བཏིང་ཡོད།
ནུབ་ཁའི་ཉི་འོད་ཀ་ལ་གྲོང་ཚོའི་དྲིལ་བསྒྲཌ་སྦྱར་ཡིག་ཐོག་འཕྲོས་སྐབས། “མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པའི་ཀ་ལ་གྲོང་ཚོ” ཞེས་པའི་ཡིག་འབྲུ་རེ་རེ་ལས་དམར་མདངས་བཀྲ་བའི་འོད་མདངས་རབ་ཏུ་འཚེར།