ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལམ་བུ་དེ་བས་ཡངས་སུ་ཕྱིན་པ།
འདི་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་ལི་ཧའེ་རྒྱ་མཚོ་བརྒལ་ནས་ཚད་ལྡན་དོས་སྒམ་ཁྲི་བཅུ་སྐྱེལ་འདྲེན་བྱས་ཏེ་ཨཱ་ཁེ་ཐའོ་གྲུ་ཁའི་དོས་སྒམ་ལྟེ་གནས་སུ་འབྱོར་བ།
འདི་ནི་ཁེར་གྷི་སི་ཐན་རྒྱལ་བཙུགས་ལག་རྩལ་སློབ་ཆེན་གྱི་སློབ་མས་ལུའུ་པན་བཟོ་ཁང་གི་སློབ་ཁང་ནང་སློབ་ཚན་ཉན་བཞིན་པ།
ཉེ་ཆར། ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་དང་སྐྲུན་འགན་འཁུར་བའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཏ་ཐང་པུའུ་ཁཱ་འོད་ཤུགས་ཀྱི་ཡན་ལག་རྣམ་གྲངས་ཚ་ཚང་ལེགས་གྲུབ་ཟིན་ནས་ལོ་ལྟར་ཆུ་ཚོད་ཆན་ཝ་དུང་ཕྱུར་5.4ཡི་གློག་ཤུགས་མཁོ་འདོན་བྱས་ཏེ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་ལ་འདེགས་སྐྱོར་བྱས་ཤིང་། འདི་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ལས་བཟོས་དྲ་སྦྲེལ་འཁོར་རྒྱུག་ལ་ཞིབ་བཤེར་བྱེད་བཞིན་པ།
འདི་ནི་ཀྲུང་གོའི་སྨན་རྫས་རིག་པའི་རིགས་གཅིག་མཁས་ཅན་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གསོ་རིག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཚོས་རང་བྱུང་སྨན་རྒྱུའི་བེད་སྤྱོད་སྤེལ་རེས་བྱེད་བཞིན་པ།
འདི་ནི་ཏུར་མེན་སི་ཐན་ཨ་མུའུ་གཙང་པོའི་རང་བྱུང་སོལ་རླངས་རྣམ་གྲངས་སྤེལ་ཡུལ་ཡིན་པ།
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ནི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་གི་ལམ་རོགས་ཡིན། 2023ལོའི་ཟླ་5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཙོ་སྐྱོང་གནང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད། 2025ལོའི་ཟླ་6ཚེས་16ནས་18ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་གྱི་ཨ་སི་ཐ་ནར་ཕེབས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་པ་རེད། ལོ་གཉིས་རིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་འདུ་ཤེས་དང་ལག་ལེན་གྱི་སྤེལ་རེས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་འཕེལ་རིམ་ལ་གཞོགས་འདེགས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་པས་མཉམ་ལས་ཀྱི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ནས་ས་ཁུལ་དེའི་རྒྱལ་ཁབ་ཁག་གི་མི་དམངས་ལ་དངོས་
དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད།
“བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ གྲུ་ཁ་མཉམ་དུ་བསྐྲུན་པ”
ཉིན་ཤས་གོང་། ཀྲུང་ཧ་ཕྱོགས་གཉིས་པོའི་འཐུས་མིའི་ཐུན་མོང་གི་བདེན་དཔང་འོག ཀྲུང་ཡོའི་དུས་གཏན་མེ་འཁོར་ལི་ཧའེ་རྒྱ་མཚོ་བརྒལ་ནས་ཚད་ལྡན་དོས་སྒམ་ཁྲི་བཅུ་སྐྱེལ་འདྲེན་བྱས་ཏེ་ཧ་སག་སི་ཐན་གྱི་ཨ་ཁེ་ཐའོ་གྲུ་ཁའི་དོས་སྒམ་ལྟེ་གནས་སུ་འབྱོར་བ་དེ་ནི་ལི་ཧའེ་རྒྱ་མཚོ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་བསྐྲུན་ནས་ཐོབ་པའི་འཕེལ་རིམ་གསར་པ་གཞན་ཞིག་རེད།
2024ལོའི་ཟླ་7པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཧྥུའུ་རྣམ་གཉིས་བརྙན་ལམ་ཐོག་ནས་ཀྲུང་ཡོའི་ལི་ཧའེ་རྒྱ་མཚོ་བརྒལ་བའི་ཐད་ཀར་མྱུར་སྐྱེལ་མཛད་སྒོར་མཉམ་དུ་ཞུགས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བཀའ་ཕབ་པ་དང་བསྟུན་ནས་ལི་ཧའེ་མཚོ་འགྲམ་དུ་ཡོད་པའི་ཁུའུ་ལེ་ཁེ་གྲུ་ཁ་དང་ཨ་ཁེ་ཐའོ་གྲུ་ཁར་འཕྲལ་མར་ལས་སྒྲུབ་བྱེད་འགོ་བཙུགས་ཡོད། དེ་ནི་ཀྲུང་གོ་ཕྱོགས་ཀྱི་རླངས་འཁོར་གཞུང་ལམ་ཐོག་ཐད་ཀར་སྐྱེལ་འདྲེན་བྱེད་སྟངས་ལ་བརྟེན་ནས་ལི་ཧའེ་རྒྱ་མཚོའི་གྲུ་ཁར་འབྱོར་ཐེངས་དང་པོ་ཡིན་ལ། དེ་ཐོག་ནས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། སྦུག་ལམ་སྐྱེལ་འདྲེན་བཅས་གཞི་གཅིག་ཏུ་འདུས་པའི་སྣ་མང་ཕྱོགས་བསྡུས་སྦྲེལ་མཐུད་ཀྱི་རྣམ་པ་ཉིན་བཞིན་མངོན་པ་མཚོན་ཡོད་པ་རེད།
“ཨེ་ཤེ་ཡ་དབུས་མའི་དེང་རབས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འབྱུང་གནས”
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ་ལུའུ་པན་བཟོ་ཁང་དེ་བས་མང་བ་འཛུགས་རྒྱུ་ཡིན”ཞེས་གསུངས་པ་རེད། 2024ལོའི་ཟླ་7པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་སྐབས“ཕྱོགས་གཉིས་པོས་ཁེར་གྷི་སི་ཐན་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་དང་། ཀྲུང་གོའི་རིག་གནས་ལྟེ་གནས། ལུའུ་པན་བཟོ་ཁང་སོགས་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ཀྲུང་ཁེར་གྱི་མཛའ་གྲོགས་མཉམ་ལས་ཀྱི་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས”ཞེས་སླར་ཡང་གསུངས་པ་རེད།
2024ལོའི་ཟླ་10པར། ཁེར་གྷི་སི་ཐན་གྱི་ལུའུ་པན་བཟོ་ཁང་དངོས་སུ་སྒོ་ཕྱེ་ཞིང་། ད་ཆ་ཀྲུང་གོས་མཉམ་སྐྲུན་བྱས་པའི་ལུའུ་པན་བཟོ་ཁང་དེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་གདམ་ག་ཞིག་ཏུ་གྱུར་ནས་ཨེ་ཤེ་ཡ་དབུས་མའི་གཞོན་ནུ་དེ་བས་མང་བ་ཞིག་ལ་ལུའུ་པན་བཟོ་ཁང་ནས་ལས་རིགས་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད། ཐེ་ནེ་པེ་ཁོ་ཝས། བཟོ་སྐྲུན་ལག་རྩལ་ཁྱབ་ཁོངས་ཀྱི་ཀྲུང་གོའི་སློབ་ཁྲིད་ལག་ལེན་འཛམ་གླིང་ཐོག་སྔོན་ཐོན་ཡིན་པ་དང“ལུའུ་པན་བཟོ་ཁང་དེ་ཨེ་ཤེ་ཡ་དབུས་མའི་དེང་རབས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འབྱུང་གནས་ཤིག་ཏུ་འགྱུར་བའི་རེ་བ་ཡོད”ཅེས་བརྗོད་པ་རེད།
“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མི་དམངས་ཀྱི་ བདེ་ཐང་དང་མཛའ་གྲོགས་ཀྱི་འབྲེལ་ཟམ”
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཨེ་ཤེ་ཡ་དབུས་མར་སྲོལ་རྒྱུན་གསོ་རིག་ལྟེ་གནས་དེ་བས་མང་བ་འཛུགས་རྒྱུ་ཡིན”ཞེས་གསུངས་པ་རེད། 2023ལོའི་ཟླ་9པར། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་སྲོལ་རྒྱུན་གསོ་རིག་ལྟེ་གནས་ཀྱིས་མཉམ་ལས་བྱས་ནས་བཙུགས་པའི་ཀྲུང་ཐ་ཀྲུང་ལུགས་གསོ་རིག་ལྟེ་གནས་དེ་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེར་སྒོ་བྱང་བཀལ་ནས་བེད་སྤྱོད་བྱེད་འགོ་ཚུགས་ཡོད།
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་སྲོལ་རྒྱུན་གསོ་རིག་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐ་ཇིག་སི་ཐན་གྱིས་སྲོལ་རྒྱུན་གསོ་རིག་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དམངས་ཚོགས་དཀྱུས་མས་རྩྭ་སྨན་སྨན་བཅོས་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད། ཀྲུང་ཐ་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་དམངས་ཚོགས་ལ་དྲ་ཐོག་དང་དྲ་ཕྱིའི་སྨན་བཅོས་ཞབས་ཞུ་བྱས་པ་མ་ཟད། ད་དུང་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་ཟུང་འབྲེལ་བྱེད་པའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡོད་པ་རེད།