དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་མཚོ་སྔོན་དུ་བསྐྱོད་པ།

    སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོའི་གཞི་ཁྱོན་ཆེ་བའི་ལྗང་མདོག་གི་སྒུལ་ནུས་གསར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ལུའུ་ཅུན་ཡུས། ཚུའེ་ཨེན་ཧུའེ། ཝང་ཡན།   |     སྤེལ་དུས།  2025-07-07

    ལྗང་མདོག་ནུས་རྒྱུའི་རྟེན་གཞི་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བར་དང་། མཚོ་སྔོན་པོ་དོ་དམ་སྲུང་སྐྱོང་ནས་གྲོང་གསེབ་དར་རྒྱས་བར། ལམ་བར་དུ་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པས་བཅར་འདྲི་བྱེད་བཞིན་ཟུར་ཚད་མི་འདྲ་བ་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་བཅངས་པའི་སྤྲོ་སེམས་ཆེན་པོ་མཚོན་ཡོད།

    ཟླ་6ཚེས་30ཉིན་ནས་ཟླ་7ཚེས་2ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཀྲུང་གོར་ལྟ་བའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་པ་དང་། ཨ་རི་དང་། འཇར་མན། སི་ཕེན། རི་པིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་ནས་ཡོང་བའི་སྨྱན་སྦྱོར་གྱི་གསར་འགོད་པ་10ལྷག་ཙམ་མཚོ་སྔོན་ཞིང་ཆེན་དུ་བསྐྱོད་དེ་ས་གནས་དེ་གས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སྲུང་སྐྱོང་གསར་སྤེལ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།

    ནུས་རྒྱུ་དང་སྐྱེ་ཁམས་མཉམ་འདྲེས་འཕེལ་རྒྱས་ལ་ལྟ་བ།

    མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་བཏུལ་ཐང་དུ་གནས་པའི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞིར་སྐྱོད་སྐབས། ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་རྣམས་ཡངས་ཤིང་རྒྱ་ཆེ་བའི་འོད་ཤུགས་གླིང་དེར་བཅར་འདྲི་བྱེད་བཞིན་མཆིས། འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་600ལྷག་ཙམ་དང་གོ་ལ་ཧྲིལ་པོའི་གློག་འདོན་ཤུགས་ཆེ་ཤོས་ཡིན་པའི་འོད་ཤུགས་གླིང་གི་གང་སར་འོད་ཤུགས་ཤེལ་ལེབ་སྔོན་པོས་ཁེངས་པ་དང་། ཤེལ་ལེབ་འོག་ཏུ་ཕྱུགས་རྩྭ་སྐྱེས་ཡོད་པས་ལུག་ཁྱུ་ཤེལ་ལེབ་འོག་ཏུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད།

    “སྒྲིག་ཆས་ཀྱི་བདེ་འཇགས་འགན་ལེན་དང་ལུག་ཁྱུ་འགྲོ་སྐྱོད་སྟབས་བདེ་ཡོང་བ་བྱ་ཆེད། འོད་ཤུགས་ཤེལ་ལེབ་ཀྱི་མཐོ་ཚད་སྨི་1.5ཇུས་འགོད་བྱས་ཡོད”མཚོ་ལྷོ་ཀྲོའུ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ཝང་ཨན་ཝེ་ཡིས་འོད་ཤུགས་ཤེལ་ལེབ་ཀྱི་འགྲམ་དུ་ཙོག་པུར་བསྡད་ནས་ལག་པས་ཤེལ་ལེབ་འོག་གི་ས་བསྔོགས་ཏེ་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པར་ས་རྒྱུའི་སྤུས་ཚད་བསྟན་ནས“ས་རྒྱུའི་ཕྱི་ངོས་སླར་གསོ་བྱུང་བའི་སྐྱེ་ལྡན་རྫས་ནི་སྐྱེ་ཁམས་གསོ་འཁྱོངས་བྱས་པའི་འབྲས་བུ་རེད”ཅེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། གླིང་ཁུལ་གྱིས“འོད་ཤུགས་ཤེལ་ལེབ་ནས་གློག་གཏོང་བ་དང་། འོད་ཤུགས་ཤེལ་ལེབ་དབར་རྩྭ་འདེབས་པ། འོད་ཤུགས་ཤེལ་ལེབ་འོག་ལུག་འཚོ་བའི”སྐྱེ་ཁམས་ཐོན་ལས་མཉམ་འདྲེས་བྱེད་སྟངས་གསར་གཏོད་འཕེལ་རྒྱས་བཏང་བ་ནས་ད་བར། སྐབས་ཤིག་རིང་བྱེ་རྡུལ་གྱིས་ཁེངས་པའི་བྱེ་ཐང་དུ་སྔོ་ཁེབས་ཁྱབ་ཚད་80%བར་སླར་གསོ་བྱུང་ནས། འབྲོག་ལས་གསོ་ཚགས་ཀྱི་འབབ་འཕར་ལ་དུས་མཉམ་དུ་སྐུལ་ཁྲིད་ཐུབ་སྟེ། ས་ཞིང་མུའུ་རེར་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་ཡོད།

    “མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱིས་སྐྱེ་ཁམས་ལ་ལྟ་རྟོག་བྱས་ཡོད་པས་ཁོར་ཡུག་ལ་ཕན་པ་ཆེན་པོ་ཐོབ་ཡོད”ཀྲུང་གོ་དང་ཨ་རབ་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་པི་ནུའོ་ཡིས། འོད་ཤུགས་གླིང་མེད་པ་ནས་ད་ལྟའི་བརྗིད་ཉམས་ལྡན་པའི་རྣམ་པ་མཐོང་རྒྱུ་ཡོད་པའི་བར། ས་གནས་དེ་གའི་མི་དམངས་ལ་ཕན་པ་ཐོབ་ཡོད། ཀྲུང་གོས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་སུ་མིག་དཔེ་བཟང་པོ་བསྟན་ཡོད་ཅེས་ཧང་སངས་བཞིན་བཤད།

    མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཚོར་བ།

    མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ལས་བྱེད་པ་ཝང་ཧྲུའུ་ཉིང་གིས་ངོ་སྤྲོད་བྱས་པར། མཚོ་སྔོན་པོ་རྒྱུག་ཁུལ་གྱི་ཆུ་དང་། རྩྭ། ཉ། བྱ། གཅན་གཟན་བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་ལ་དམིགས་ནས། སྲིད་གཞུང་གིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ། སྐྱེ་ཁམས་ཤེས་ཚོར་དང་རྒྱུག་ཚད་སྔོན་བརྡ་གཏོང་བ་སོགས་ལྟ་འདོམས་ལས་སྟེགས་བཙུགས་ནས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་300ལྷག་ཙམ་རིམ་བཞིན་བསྐྲུན་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་ཆུ་རྩ་གསོ་འཁྱོངས་ཁུལ་སོགས་སྐྱེ་ཁམས་ནུས་པ་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད།

    “ང་ཚོས་བྱ་རིམ་ཆུང་གྲས་སྤྱད་དེ་སྐོར་སྲུང་གི་རྗེས་ཤུལ་ཟིན་ཐོར་འགོད་ཀྱི་ཡོད། ཉེ་འགྲམ་གྱི་གྲོང་མིས་རྨས་སྐྱོན་ཕོག་པའི་འདབ་ཆགས་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་གི་རེད། ང་ཚོ་འཚོ་སའི་ཁྱིམ་གཞིས་ཡིན་པའི་མཚོ་སྔོན་པོར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་ལས་རིགས་གཅིག་པ་ཡིན་པའི་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་གསེར་ཆེན་དོ་དམ་ཡན་ལག་ཅུས་ཆོན་དབན་སྲུང་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་རྡོ་རྗེ་མཚོ་མོས་བཤད།

    “མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་བྱུང་། འདི་ནས་མི་དང་རང་བྱུང་ཁམས་ཞི་མཐུན་གྱི་རྣམ་པ་དངོས་སུ་མཐོང་བྱུང་ལ་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་ཟབ་མོ་ཡང་ཚོར་བྱུང”ཞེས་རི་པིན་པེ་ཧའེ་ཏའོ་གསར་འགྱུར་གྱི་གསར་འགོད་པ་ཀུའུ་ཐེན་ཞ་ཡིས་བཤད།

    རིག་གནས་དང་ཡུལ་སྐོར་གྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ་ཚོར་བ།

    “རྨ་ཆུ་དང་མཚོ་བོད་ས་མཐོ་མཉམ་འདྲེས་བྱས་པ་ལས་ས་གནས་འདི་གའི་དཔེ་མཚོན་དང་ཐུན་མོང་མ་ཡིན་པའི་བྲག་དམར་མཛེས་ལྗོངས་ཆགས་ནས་གཤོང་ས་དང་གྲོག་རོང་གང་སར་ཁྱབ་སྟེ་མུ་ཏིག་ཕྲེང་བར་བརྒྱུས་འདྲའི་ས་དབྱིབས་ཤིག་ཆགས་ཡོད”ཅེས་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་དུ་གནས་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཚོགས་པ་དང་མཉམ་དུ་ཡོང་བའི་ཆེད་ལས་རིགས་གཅིག་མཁས་ཅན་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོའུ་ཀོང་ལེང་གིས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པར་འགྲེལ་བཤད་ནན་ཏན་བརྒྱབ།

    འདི་ལོའི་ཟླ་4པར་མཚོ་སྔོན་གྱི་ཁམས་རར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“འཛམ་གླིང་ས་གཤིས་སྤྱི་གླིང”ཞེས་པའི་མཚན་སྙན་དངོས་སུ་ཐོབ་པ་རེད། ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས“མཚན་སྙན་དེས་ས་གནས་འདི་གའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་དོན་སྙིང་ག་རེ་ལྡན་ཡོད”ཅེས་དྲིས།

    “འཛམ་གླིང་རིམ་པའི་ས་གཤིས་མཛེས་ལྗོངས་ཀྱི་མིང་བྱང་འདིས་རང་བྱུང་ས་གཤིས་སྲུང་སྐྱོང་ལ་སྐུལ་འདེད་ཐུབ་པ་མ་ཟད། ས་གནས་འདི་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འགན་སྲུང་ལ་ཡང་སྔར་བས་སྐུལ་འདེད་ཐུབ་པས། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཡུལ་སྐོར་བ་ལྟ་སྐོར་ལ་ཡོང་བའི་ཡིད་དབང་འགུག་ཐུབ་ལ་ས་གནས་འདི་གའི་མི་སེར་ལ་རིག་གནས་དང་ཡུལ་སྐོར་གྱི་ཡོང་འབབ་གཏོད་རྒྱུར་ཡང་སྐུལ་ཁྲིད་བྱེད་ཐུབ”ཅེས་ཧོའུ་ཀོང་ལེང་གིས་བཤད།

    ཉེ་བའི་ལོ་ཤས་རིང་། དམངས་སྲོལ་གནས་ཚང་དང་ཟ་ཁང་སོགས་བཙུགས་ནས་གཅན་ཚྭ་རྫོང་སྣང་ར་ཤང་བདེ་སྐྱིད་གྲོང་ཚོས་རི་སྔོན་ཆུ་དྭངས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཡོད། “སྲིད་གཞུང་གིས་གསོ་སྦྱོང་བྱས་པ་བརྒྱུད། ང་ཚོའི་ཁྱིམ་གྱིས་ད་དུང་དམངས་སྲོལ་གནས་ཚང་དང་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་པ་ཡིན། ན་ནིང་ཡོང་འབབ་ཁྲི་7ལྷག་ཙམ་བྱུང་། ད་ལོར་དེ་བས་མང་བ་རག་རྒྱུའི་ཡིད་ཆེས་ཡོད”ཅེས་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པར་བདེ་སྐྱིད་གྲོང་ཚོའི་གྲོང་མི་གཅོད་པ་སྐྱིད་ཀྱིས་སྤོབས་པ་ཆེན་པོས་ངོ་སྤྲོད་བྱས།

    བཅར་འདྲི་མཇུག་འགྲིལ་སྐབས་ཀུའུ་ཐེན་ཞ་ཡིས་ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་ཀས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་ཅེས་བཤད། ད་ཐེངས་མཚོ་སྔོན་ལ་བཅར་འདྲི་བྱེད་སྐབས་སྡེ་ཁུལ་དུ་ཞུགས་པ་དང་། སྐྱེ་ཁམས་ཡུལ་སྐོར། རིག་གནས་མཉམ་འདྲེས་སོགས་ཐད་ཁོང་གིས་ཕན་ཚུན་སློབ་སྦྱོང་བྱེད་རིན་ཡོད་པའི་ཉམས་མྱོང་མང་པོ་མཐོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།