རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་བསིལ་ཕབ་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།
ཉེ་ཆར། གསར་འགོད་པས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་4000ཙམ་བཀོད་སྒྲིག་བྱས་ཏེ་ས་གནས་ཁག་གི་བཟོ་ཚོགས་ཀྱིས་གཙོ་གནད་ཚོགས་སྤྱི་གཉིས་ལ་དམིགས་ཏེ་བསིལ་ཕབ་བྱེད་སྒོ་སྤེལ་བར་ཁྲིད་སྟོན་དང་སྐུལ་ཁྲིད་བྱ་རྒྱུའི་ཐད་སྤྱོད་རྒྱུ་རེད། གཅིག་ནི་དབྱར་ཁར་ཕྱི་རོལ་དུ་ལས་ཀ་བྱེད་པའི་འགྲིམ་འགྲུལ་དང་། ཟོག་འགྲེམས། གློག་ཤུགས། ཨར་སྐྲུན། ཁོར་ཡུག་འཕྲོད་བསྟེན། སྤྱི་བདེ། མེ་ཟོན་སོགས་ལས་རིགས་དང་ཐོན་སྐྱེད་རང་བཞིན་གྱི་དྲོད་ཚད་མཐོ་བར་ལས་ཀ་བྱེད་མཁན་དང་། གཉིས་ནི་ཟོག་འཁོར་གྱི་ཁ་ལོ་བ་དང་། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ། མྱུར་སྐྱེལ་བ། མངགས་ཉོ་སྐྱེལ་མཁན་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་དང་སྟབས་བསྟུན་ལས་ཞུགས་མི་སྣ་ཡིན་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་ཁག་གི་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་ས་ཚུགས་དང་། བཟོ་ཚོགས་ལས་བཟོ་པའི་ཞབས་ཞུ་ལྟེ་གནས། བཟོ་པའི་རིག་གནས་ཕོ་བྲང་སོགས་བཟོ་ཚོགས་ཀྱི་ཞབས་ཞུའི་འཐབ་ས་བརྒྱུད་འཐབ་ས་དང་པོའི་ལས་བཟོ་དང་ཕྱི་རོལ་ངལ་རྩོལ་པར་ཚ་གཡོལ་བྱ་ཡུལ་དང་ཚ་འགོག་སྒྲིག་བཀོད་མཁོ་འདོན་བྱས་ནས་ལས་བཟོ་ཚ་གཡོལ་བསིལ་རོལ་ཐུབ་པར་མཐུན་རྐྱེན་སྦྱོར་རྒྱུ་རེད། “ལས་བཟོའི་ཁྱིམ་གཞིས”APPསོགས་ཀྱི་ལས་སྟེགས་སྤྱད་དེ་ཐག་ཉེ་ས་དང་སྟབས་བདེ་སར་ལས་བཟོར་ཚ་སེལ་སྨན་རྫས་དང་། བཏུང་བྱ། བསིལ་ཕབ་ཁུག་མ་སོགས་ཀྱི་ཅ་དངོས་སྤྲོད་རྒྱུ་རེད་ལ་དུས་དང་རྣམ་པ་ཀུན་ཏུ་དབྱར་གསེང་གི་ནད་འགོག་ཤེས་བྱ་དྲིལ་བསྒྲགས་དང་། ཚ་སེལ་ཤེས་བྱའི་ཚན་རིག་ཁྱབ་གདལ། སེམས་ཁམས་གསོ་བ། དྲོད་ཚད་མཐོ་བའི་གནོད་འཚེ་དང་འགོག་སྲུང་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་ལས་བཟོའི་རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་རྒྱུ་རེད།