ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་ཀུན་འདུས་སྨྱན་སྦྱོར་དུས་རབས་ཀྱི་སྤྱོད་ཚུལ་དང་རྩོམ་སྲོལ་ལེགས་སུ་གཏོང་རྒྱུའི་སྐོར་གླེང་བ།
ཉེ་ཆར། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་གསར་འགྱུར་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ“ཀུན་འདུས་སྨྱན་སྦྱོར་དུས་རབས་ཀྱི་སྤྱོད་ཚུལ་དང་རྩོམ་སྲོལ་ལེགས་གཏོང”གི་ཆེད་དོན་དཔྱད་གླེང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེའི་ཚགས་པར། ཀྲུང་གོའི་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་གསར་འགྱུར་ཚན་པ་གཙོ་བོ་དང་། ཀྲུང་གོའི་ནོར་སྲིད་ཚགས་པར་སོགས་རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་རིགས་ཀྱི་སྨྱན་སྦྱོར་ཚན་པ། ཀྲེ་ཅང་རླུང་འཕྲིན་བརྙན་འཕྲིན་ཚོགས་པ་དང་ཧོ་ནན་ཉིན་རེའི་ཚགས་པར་སོགས་ས་གནས་སྨྱན་སྦྱོར་ཚན་པ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མི་ཚོགས་འདུར་ཞུགས་པ་དང་འབྲེལ་སྤེལ་རེས་གཏམ་བཤད་ཀྱང་བྱས་ཤིང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་གསར་འགྱུར་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ཚོགས་འདུའི་ཐོག་དཔྱད་གླེང་བྱས་པ་རེད།
ཚོགས་ཞུགས་བློ་མཐུན་གྱིས་ངོས་འཛིན་བྱས་དོན། གསར་འགྱུར་འཐབ་ཕྱོགས་ཀྱིས་སྤྱོད་ཚུལ་དང་རྩོམ་སྲོལ་ལེགས་སུ་གཏོང་རྒྱུ་དང་གཙོ་རྒྱུན་རིན་ཐང་བརྟན་སྲུང་བྱ་རྒྱུ་དེ་འགན་འཁྲི་གཙང་སྒྲུབ་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྲོལ་རྒྱུན་གྱི་རྩོམ་སྲོལ་བཟང་པོ་དར་སྤེལ་གཏོང་བར་འབད་བརྩོན་བྱས་པ་དང་སྐད་བརྡའི་མ་ལག་གསར་པ་གྲུབ་པར་བྱ་ཐབས་དངོས་བཏོན་ཡོད། ཉེ་བའི་ལོ་ཤས་རིང་བསམ་བློ་གསོན་ཉམས་དོད་པ་དང་ཚིག་ཉུང་དོན་ཟབ་ཀྱི་བརྩམས་ཆོས་སྤུས་ལེགས་དེ་བས་མང་དུ་ཕྱིན་པ་དང་། རྣམ་པ་སྣ་ཚོགས་དང་མཚོན་ཚུལ་གསར་པའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་དར་ཆེའི་ཐོན་རྫས་དེ་བས་མང་དུ་ཕྱིན་པ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་གདུང་སེམས་མཉམ་སྐྱེས་ཐུབ་པའི་བརྩམས་ཆོས་དེ་བས་མང་དུ་ཕྱིན་ནས་རྩོམ་སྲོལ་ལེགས་སུ་གཏོང་བར་ཕན་འབྲས་རགས་ཙམ་ཐོན་ཡོད། རྩོམ་སྲོལ་ལེགས་སུ་གཏོང་རྒྱུ་ནི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་གཞུང་འཁྱོངས་གསར་འབྱེད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཡིན་པ་དང་། ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། སྤྱི་མོས་ཐོབ་ཚད་བཅས་ཆེ་རུ་གཏོང་རིང་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུའང་ཡིན་པར་གཙོ་རྒྱུན་སྨྱན་སྦྱོར་གྱིས་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ནས་བརྒྱུད་རིམ་རང་བཞིན་ལྡན་པའི་སྒྱུར་བཅོས་ཁྲོད་རང་འགུལ་གྱི་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས།