ལྷོ་རྒྱུད་ས་ཁོངས་ཀྱི་གློག་ཤུགས་ཁྲོམ་རས་རྒྱུན་མཐུད་བསྡོམས་རྩིས་ཀྱི་ཚོད་ལྟ་བྱེད་འགོ་ཚུགས་པ།
ཞིང་ཆེན་དང་ལྗོངས་བརྒལ་བའི་གློག་ཤུགས་ཉོ་ཚོང་དུས་དང་རྣམ་པ་ཀུན་ཏུ་བྱེད་ཆོག་པ།
ཉེ་ཆར། ཟླ་བ་35རིང་སྔོན་ཚུད་གྲ་སྒྲིག་དང་དུས་ཐུང་ཚོད་ལྟའི་འཁོར་སྐྱོད་རེས་སྐོར་12བྱས་པ་བརྒྱུད། ལྷོ་རྒྱུད་ས་ཁོངས་ཀྱི་གློག་ཤུགས་ཁྲོམ་རས་རྒྱུན་མཐུད་བསྡོམས་རྩིས་ཚོད་ལྟའི་འཁོར་སྐྱོད་དུས་མཚམས་ལ་དངོས་སུ་བསླེབས་ཡོད་པ་རེད། དེ་སྔར་གཟའ་འཁོར་དང་ཡང་ན་ཟླ་བ་རེ་རེ་བྱས་ནས་དུས་ཡུན་ཐུང་ངུའི་ཉོ་ཚོང་ནས་ད་ཆ་ཉིན་རེ་རེར་རྒྱུན་ཆད་མེད་པར་ཉོ་ཚོང་བྱེད་པར་གྱུར་ཏེ། ཕྱོགས་གཉིས་པོས་སོ་སོའི་དགོས་མཁོ་ལྟར་དུས་དང་རྣམ་པ་ཀུན་ཏུ་ཞིང་ཆེན་དང་ལྗོངས་བརྒལ་ནས་གློག་ཤུགས་ཉོ་ཚོང་བྱེད་ཀྱི་ཡོད། འདི་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་གཞི་རྩའི་ཆ་ནས་གྲུབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད།
ལྷོ་རྒྱུད་ས་ཁོངས་ཀྱི་གློག་ཤུགས་ཁྲོམ་རའི་ཉོ་ཚོང་ཁྱབ་ཁོངས་སུ་ཀོང་ཏུང་དང་། ཀོང་ཤིས། ཡུན་ནན། ཀུའེ་ཀྲོའུ། ཧའེ་ནན་སོགས་ཚུད་ཡོད་ལ་ཁྲོམ་རར་ཐོ་བཀོད་བྱེད་པོ་ཁྲི་22ལས་བརྒལ་ཡོད། རྒྱུན་མཐུད་བསྡོམས་རྩིས་བྱས་རྗེས། སྔོན་དཔག་བྱས་ན་ཉིན་རེའི་ཆ་སྙོམས་ཉོ་ཚོང་གཞི་ཁྱོན་ཆན་ཝ་ཆུ་ཚོད་དུང་ཕྱུར་38ཟིན་རྒྱུ་དང་། “ཉོ་མཁན་མང་དུས་རིན་གོང་མཐོ་བ་དང་ཉོ་མཁན་ཉུང་དུས་རིན་གོང་དམའ་པོ”བྱས་ཏེ་ཁྲོམ་རས་དེ་བས་དངོས་འབྲེལ་དང་དེ་བས་རྒྱུན་མཐུད་ཀྱི་རིན་གོང་གི་བརྡ་རྟགས་བསྟན་ནས། གློག་ཤུགས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་སུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འཆར་འགོད་གཞིར་བཟུང་། 2025ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་རགས་ཙམ་བསྐྲུན་ཏེ། གློག་ཤུགས་ཁྲོམ་རའི་རྩེ་རིམ་ཇུས་འགོད་གཞི་རྩའི་ཆ་ནས་འཐུས་ཚང་དང་རྒྱལ་ཡོངས་ཀྱི་རྨང་གཞིའི་རང་བཞིན་གྱི་ཉོ་ཚོང་སྒྲིག་སྲོལ་དང་ལག་རྩལ་ཚད་གཞི་གཞི་རྩའི་ཆ་ནས་ཚད་ལྡན་གཅིག་གྱུར་ཡོང་རྒྱུ་རེད།