དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-07

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    “རེ་བར་ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཡུལ་མི་སྤུན་ཟླ་ཚོར་མངགས་བཅོལ་ཟབ་མོ་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གསར་ཤོས་རེད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། འཕྲིན་ལན་གྱི་ཡིག་འབྲུ་རེ་རེའི་ནང་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་ཐུགས་ཁུར་གནང་ལུགས་འདུས་ཡོད་པས། བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐུལ་ལྕག་ཆེན་པོ་ཐེབས་ངེས་རེད།

    ཀྲུང་གོ་གུང་ཁྲན་ཏང་གི་བྱ་གཞག་ནི་བསྒྲུབས་པ་ལས་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་གྱི་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པར། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་འཛིན་དང་བླ་སྲོག་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱས་ནས། མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱེད་དགོས།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་ཤུགས་སྣོན་རྒྱག་དགོས་ཤིང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་ནུས་ལྡན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་ཧུར་ཐག་སྐྲུན་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀ་རྒྱུན་གཏན་ནས་སྒྲུབ་པ་དང་། རྒྱུན་དུ་ནས་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ཐོན་ལས་དང་པོ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་བྱེད་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ཆེར་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།

    མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང་ལག་བསྟར་བྱེད་ཐབས་ལག་ལེན་ནན་པོ་བསྟར་བ་དང་། རི་ཆུ་ནགས་ཞིང་མཚོ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རིག་ལྡན་མཐའ་སྲུང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་ངང་འཛུགས་སྐྲུན་ཡག་པོ་བྱེད་པ། མཐའ་མཚམས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་དམངས་བདེ་སྐྱིད་བཅས་ལྡན་པའི་འགན་ལེན་བྱེད་དགོས།

    “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པ་འདི་ནི་ཀ་ལ་གྲོང་ཚོའི་གྲོང་མིས་སྤྱི་ཁྱབ་ཧྲུའུ་ཅིར་སྤྲིངས་པའི་འཕྲིན་ཡིག་ནང་ཞུས་པའི་སྙིང་གཏམ་རེད་ལ། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་རང་རྟོགས་ངང་ལག་ལེན་བསྟར་བའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཀྱང་རེད། ཀ་ལ་གྲོང་ཚོའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་ངལ་རྩོལ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ། རྔུལ་ཆུར་བརྟེན་ནས་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་མདུན་སྐྱོད་དང་རང་འགན་ཐེག་པ་འཁུར་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་དེ་བས་ངོ་མཚར་ཆེ་བའི་ལེའུ་རྩོམ་ཐུབ་ངེས་ཡིན་པ་དང་ས་མཐོའི་བུ་ཕྲུག་གི་བདེ་སྐྱིད་ལམ་བུ་སྔར་བས་ཇེ་ཡངས་སུ་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།