སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་གནང་བ་དེ་བརྩེ་དུང་ཟབ་མོ་དང་། མི་སེམས་དྲོ་བ། འབད་བརྩོན་བྱེད་པར་སྐུལ་བ་བཅས་ཀྱི་འཕྲིན་ལན་ཞིག་རེད། ཉིན་ཤས་བསྟུད་མའི་རིང་། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ལ་རང་ལྗོངས་ཀྱི་ལས་རིགས་ཁག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་དེ་ནི་ཀ་ལ་གྲོང་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་བ་ཞིག་ཡིན་ལ། གཞི་རིམ་དུ་ལས་ཀ་བྱེད་མཁན་ཚང་མར་དེ་བས་ཀྱང་སྐུལ་ལྕག་ཆེན་པོ་གནང་བ་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གཟབ་བཞེས་གནང་བ་དེ་ལས་ཀའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་འབད་འཐབ། མུ་མཐུད་འབད་འཐབ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་སློབ་སྦྱོང་བྱས་རྗེས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཞིག་ཡིན་པའི་ང་ལ་འགན་འཁྲི་ཧ་ཅང་ལྕི་བའི་ཚོར་སྣང་བྱུང་ལ། སེམས་འགུལ་ཆེན་པོ་ཐེབས་པ་དང་སྤོབས་པ་ཆེན་པོའང་སྐྱེས་བྱུང”ཅེས་དང་། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས’ཞེས་པའི་མངགས་བཅོལ་ཟབ་མོར་གོ་བ་གཏིང་ཟབ་བླངས་ཁར། རྫོང་ཡོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པ་གོ་སྐབས་སུ་བྱས་ཏེ། མི་རིགས་མཐུན་སྒྲིལ་དེ་དཔལ་འབྱོར་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་དང་ཟུང་འབྲེལ་དམ་ཟབ་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་མཉམ་དུ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་ཀྱི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀྲང་ཤིན་ཧྥུའུ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད་པ་རེད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའི་པད་མ་སྒང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལྷག་པ་སྒྲོལ་མས“རྒྱ་རིགས་དང་། བོད་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། སོག་རིགས་སོགས་མི་རིགས་10ལྷག་ཙམ་གྱི་མང་ཚོགས་མཉམ་དུ་འཚོ་སྡོད་བྱེད་སའི་པད་མ་སྒང་སྡེ་ཁུལ་ནི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་ཞིག་རེད། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་ཡིན་པའི་ང་ཚོས་སྡེ་ཁུལ་གྱི‘ཨུ་ལྷན་གཉིས’ཚན་ཁག་དང་། དྲ་མིག་པ། དང་བླངས་པ་སོགས་དང་མཉམ་དུ་ཞབས་ཞུའི་ཚོགས་པ་མང་པོ་བཙུགས་ཡོད། སླད་ཕྱིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། གྲོང་མིར་ཞབས་འདེགས་ཞུ་བའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་སྡེ་ཁུལ་དེ་ཉིད་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ཁམས་བཟང་དང་། ཕན་ཚུན་ལྟ་སྐྱོང་། ཐུན་མོང་འཚར་ལོངས་བཅས་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་བསྐྲུན་རྒྱུ་ཡིན”ཞེས་བཤད་པ་རེད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ལྷོ་པ་གྲོང་གསར་ནི་དུས་རབས་གསར་པར་འཕེལ་རྒྱས་བྱུང་བའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་དེ་ལས། དེ་གའི་མཐའ་མཚམས་མང་ཚོགས་ལའང་དྲོ་སྐྱིད་ཀྱི་ཚོར་སྣང་སྐྱེས་ཤིང་། ལྷོ་པ་གྲོང་གསར་གྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཡང་ཡང་གནང་བ་དང་ལྷག་པར་དུ་ད་ཐེངས་ཀྱི་འཕྲིན་ལན་ནང་ང་ཚོར་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱེད་དགོས་པའི་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད་པས། ཡུལ་མི་རྣམས་ཀྱིས་མཐའ་མཚམས་དར་རྒྱས་དང་མི་དམངས་ཕྱུག་འགྱུར་གྱི་བདེ་སྐྱིད་ལམ་བུར་སྐྱོད་ཐུབ་པའི་རེ་སྒུག་ཆེན་པོ་བྱེད་ཀྱི་འདུག་ལ་སེམས་ཤུགས་ཀྱང་དེ་བས་ཆེན་པོ་འདུག”ཅེས་དང་། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་དུ་མུ་མཐུད་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་ཀྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་། ཁོར་ཡུག་ལེགས་གཏོང་། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་དེ་བས་མཛེས་སྡུག་དང་། འཆམ་མཐུན། འབྱོར་ཕྱུག་བཅས་ཀྱི་མཐའ་མཚམས་གྲོང་ཚོ་འཛུགས་སྐྲུན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
ཆབ་མདོ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་གཞུང་ལས་ཁང་གི་ལས་དོན་མི་སྣ་ལི་ཅིན་ཏ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་ཡིག་འབྲུ་རེ་རེའི་ཁྲོད་ནས་མཐའ་མཚམས་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་བ་དང་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་འཕེལ་རྒྱས་བཅས་གཏོང་བར་ཐུགས་རེ་ཟབ་མོ་བཅོལ་གནང་བ་མཚོན་གྱི་འདུག” དུས་རབས་གསར་པའི་རྒྱང་ལམ་གསར་པར“ང་ཚོས་འཕྲིན་ལན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མི་དམངས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བའི་ལག་ལེན་ཁྲོད་དུ་གནམ་གཤིས་ལས་དོན་པའི་དུས་རབས་ཀྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་གྱི་ཡིན”ཞེས་བཤད་པ་རེད།