དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ།

    ​ཁམ་བུའི་མེ་ཏོག་གྲོང་ཚོར་བདེ་སྐྱིད་འབྲས་བཟང་སྨིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-07

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟིགས་སྐྱོང་དང་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་དུད་ཚང་33ལས་མེད་པའི་ཀ་ལ་གྲོང་ཚོ་འདི་ཉིད་གངས་ལྗོངས་ས་མཐོར་སྐད་གྲགས་ཆོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོ”དང་བདེ་སྐྱིད་མཛེས་མཐུན་གྱི་གྲོང་གསེབ་གསར་པར་གྱུར་ཡོད།

    རྒྱལ་ལམ་318ཉེ་འགྲམ་གྱི་རྡོ་གཅལ་ལམ་བརྒྱུད་གྲོང་ཚོར་སྐྱོད་སྐབས། འགྲོ་ལམ་ཡངས་ཤིང་རྒྱ་ཆེ་ལ། སྡོད་ཁང་གྲལ་སྟར་སྒྲིག་ལ་བཟོ་བཀོད་ལེགས་པོ་ཡོད་ཅིང་། རི་སྐྱེས་ཁམ་སྡོང་ཆེན་པོར་སྔོ་ལྗང་ལོ་འདབ་རྒྱས་པ་དང་། གཙང་སྦྲ་དོད་པའི་མཐུན་སྒྲིལ་ཐང་ཆེན་དུ་མེ་ཏོག་རབ་ཏུ་བཞད། ལམ་སྐྱོར་རྡོ་གྱང་ཐོག་གྲོང་གསེབ་དར་རྒྱས་ཀྱི་དྲིལ་བསྒྲགས་རི་མོ་མང་པོ་བཀལ་ཡོད། མང་ཚོགས་རྣམས་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་དུ་བསྡད་ཡོད་པ་དང་། རྒྱལ་སྒོའི་མདུན་དུ་རླངས་འཁོར་ཆུང་ཆུང་བཞག་ཡོད། རྒྱ་ཆེ་བའི་སྒོ་རའི་ནང་ཁམ་སྡོང་དང་ལི་སྡོང་སོགས་ལ་འབྲས་བུ་བཏགས་ཡོད་པས། ཡུལ་སྐོར་བ་གྲོང་ཚོར་ཡུལ་སྐོར་ལ་ཡོང་རིམ་བཞིན་འདི་གར་དྲན་རྟེན་པར་རྒྱག་གི་ཡོད།

    གྲོང་ཚོའི་མདུན་གྱི་རླངས་འཁོར་འཇོག་སའི་འགྲམ་དུ་ཟླ་བ་རྒྱལ་མཚན་གྱི་ཁྱིམ་ཡོད་ཅིང་། 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས་ཁོང་གི་ཁྱིམ་དུ་ཕེབས་མྱོང་ཡོད།

    གསར་འགོད་པ་དང་བཅས་པ་མཐོང་རྗེས། ཟླ་བ་རྒྱལ་མཚན་གྱིས་སེམས་རྩ་འཁོལ་པོས་ང་ཚོར་སྣེ་ལེན་ཞུས་བྱུང་།

    “ཉིན་ཤས་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པས། གྲོང་མི་ཚང་མར་སེམས་འགུལ་ཚད་མེད་ཐེབས་པ་དང་། དགའ་ཚོར་ཆེན་པོ་བྱུང་ཞིང་གཟི་བརྗིད་ཀྱང་ཆེན་པོ་ཚོར་ཡོད”ཅེས་ཟླ་བ་རྒྱལ་མཚན་གྱིས་བརྗོད་པ་དང་། ཁྱིམ་གྱི་གསར་དུ་བསྐྲུན་པའི་ཉི་གཡབ་ཏུ། ཁོང་གིས་གསར་འགོད་པར་ཇ་བླུགས་པ་དང་ཤིང་ཏོག་སྤྲོད་བཞིན་དགའ་ཚོར་ཆེན་པོས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་ང་ཚོའི་གྲོང་ཚོའི་འཕེལ་རྒྱས་ལ་དགྱེས་ཚོར་ཆེན་པོ་གནང་བཞིན། ང་ཚོར་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་སྐུལ་ལྕག་གནང་འདུག འདི་ནི་ང་ཚོའི་ངོས་ནས་བརྗོད་ན་སྐུལ་མ་ཆེན་པོ་ཞིག་རེད། ད་ཆ་གྲོང་ཚོའི་གྲོང་མི་ཚང་མ་འཚོ་བ་ཧ་ཅང་སྐྱིད་པོ་སྐྱེལ་རྒྱུ་བྱུང་ཡོད་ལ། ཁམ་བུའི་མེ་ཏོག་ལྡུམ་རའི་ཡུལ་སྐོར་ཡོང་འབབ་ཡོད་པའི་ཁར། ཡུལ་སྐོར་བ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག ཁྱིམ་ཚང་རེར་ལོ་རེར་ཁེ་སྤོགས་སྒོར་ཁྲི་10ལྷག་ཙམ་བགོས་པ་མ་ཟད། ད་དུང་སྐྱེལ་འདྲེན་རླངས་འཁོར་རུ་ཁག་དང་། ཁམ་བུའི་མེ་ཏོག་རི་གྲོང་། ཤིང་ཏོག་འཐུ་སའི་ལྡུམ་ར་བཅས་ཡོད། གྲོང་ཚོའི་ཁོར་ཡུག་ལེགས་པ་དང་། འགྲིམ་འགྲུལ་སྟབས་བདེ་བ། སྒྲིག་བཀོད་ཆ་ཚང་བ་བཅས་གང་དགོས་ཅི་དགོས་ཡོད་པས། འཚོ་བ་ཧ་ཅང་སྐྱིད་པོ་རེད”ཅེས་བརྗོད། 

    ཟླ་བ་རྒྱལ་མཚན་ཁྱིམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཀ་ལ་གྲོང་ཚོའི་མཛེས་མཐུན་གྲོང་གསེབ་ཀྱི་བསྡུས་རིས་ཡིན་ཞིང་། ལོ་བཞིའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་ཐུགས་རེ་ནན་པོ་དང་། ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་མཆིས།

    ཟླ་བ་རྒྱལ་མཚན་གྱི་ཁྱིམ་ནས་བྲལ་རྗེས་གསར་འགོད་པ་ཞིང་ནང་དང་མུ་ཁར་བསྐྱོད་པ་ཡིན། ཀ་ལ་གྲོང་ཚོའི་ཁྱིམ་ཚང་12ཀྱི་ཁྱིམ་འཛིན་མས་མཉམ་དུ་ཚེ་རིང་དབང་རྒྱལ་གྱི་ཁྱིམ་ལ་པད་ཁ་བརྔ་བསྡུ་བྱེད་རོགས་བྱེད་བཞིན་ཡོད་པ་དང་། འདི་གར་ལོ་ལེགས་བསྡུ་བའི་ལས་བྲེལ་རྣམ་པས་ཁེངས།

    ཚེ་རིང་དབང་རྒྱལ་གྱིས“ད་ཆ་ཡོང་འབབ་གསོག་པའི་ཐབས་ལམ་མང་པོ་ཡོད་པས་ཁྱིམ་ཚང་ཚང་མ་ཕྱུག་ཏུ་ཕྱིན་པ་དང་། ས་ཞིང་མང་པོ་མཉམ་སྡེབ་གཉེར་སྐྱོང་ལ་བརྒྱུད་བཤུག་བཏང་ཡོད། ཡིན་ནའང་ང་ཚོའི་ཁྱིམ་གྱིས་ད་དུང་ས་ཞིང་མུའུ་བརྒྱད་དགུ་ཙམ་ཉར་ནས་པད་ཁ་དང་། ནས། མ་རྨོས་ལོ་ཏོག་བཅས་བཏབ་ཡོད། ཡུལ་མི་ཚོས་ལོ་ཏོག་བསྡུ་བའི་དུས་སུ་སླེབས་པ་ཤེས་ཚེ་ཚང་མ་རང་འགུལ་ངང་བརྔ་བསྡུ་བྱེད་རོགས་ལ་ཡོང་གི་འདུག ཚང་མ་མཉམ་དུ་ངལ་རྩོལ་བྱས་ན་མུའུ་ཁ་ཤས་ཡོད་པའི་པད་ཁ་ཉིན་གཅིག་ལ་བརྔ་བསྡུ་ཚར་གྱི་འདུག”ཅེས་བརྗོད།

    “དེ་ག་རང་རེད། དེ་རིང་ངས་ཁྱིམ་ཚང་གཞན་ལ་ལོ་ཏོག་བརྔ་རོགས་བྱས་ན། སང་ཉིན་གཞན་གྱིས་ཀྱང་ང་ཚོའི་ཁྱིམ་ལ་ལོ་ཏོག་བརྔ་རོགས་བྱེད་པར་ཡོང་གི་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་ཞི་མཐུན་འཆམ་མཐུན་དང་ཕན་ཚུན་རོགས་རམ་བྱས་ནས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་པའི་སློབ་གསོ་གཏོང་གི་ཡོད་པས། ད་ལྟ་ང་ཚོས་ཁ་ཕྱོགས་འདིའི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད། མཛེས་མཐུན་གྲོང་གསེབ་སྐྲུན་པར་ཟོར་བ་གཅིག་ནས་འགོ་འཛུགས་དགོས”ཞེས་ཡུལ་མི་ལྷ་མོ་གཡུ་སྒྲོན་གྱིས་གད་མོ་དགོད་བཞིན་བརྗོད་པ་དང་། ཁོང་གིས་ཞོར་ལ་པད་ཁ་ལག་པ་གང་བརྔས་ནས་ཆག་པ་བཟོས་རྗེས་མུ་ཁའི་འཁྲིས་སུ་བཞག

    ངལ་སོ་རྒྱག་རིང་། ལྷ་མོ་གཡུ་སྒྲོན་གྱིས་གསར་འགོད་པར་ཁོང་གི་བུ་ལྷག་པ་དོན་གྲུབ་ཀྱི་སྐོར་བརྗོད་ཅིང་། ན་ནིང་ཕྲུ་གུ་ནང་སའི་བོད་ལྗོངས་འཛིན་གྲྭར་ཡིག་རྒྱུགས་ལོན་རྗེས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་སློབ་འབྲིང་དང་པོར་མཐོ་འབྲིང་འགྲིམ་བཞིན་ཡོད་པ་དང་། སློབ་གྲྭར“འགན་ལེན་གསུམ”ཡོད་པས་འགྲོ་སོང་མང་པོ་གཏོང་དགོས་ཀྱི་མེད། ཕྲུ་གུ་རང་ཉིད་ཀྱང་དོ་ནན་ཆེ་ཞིང་སློབ་སྦྱོང་ལ་བརྩོན་པས། ནང་མི་ཚང་མས་འབྱུང་འགྱུར་ལ་རེ་བ་ཆེན་པོ་འཆང་བཞིན་ཡོད།

    ཡང་བསྐྱར་གྲོང་ཚོར་ལོག་སྐབས། མཐུན་སྒྲིལ་ཐང་ཆེན་དུ་མི་མང་པོ་འཛོམས་ནས་ཧ་ཅང་འཁྲུག་ཆ་ཆེ། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་རྒྱལ་ཁབ་གློག་དྲ་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཀུང་སིའི་གློག་འདོན་ལས་དོན་པ་ཁྲིད་དེ་དུད་ཚང་ཚང་མའི་གློག་སྐུད་སོགས་ལ་ཞིབ་བཤེར་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་འདུག

    “ཁོང་ཚོ་ལོ་ལྟར་ཡོང་གི་ཡོད། ལྷག་པར་དུ་ཟླ་བ་གསུམ་པ་དང་བཞི་པའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་ང་ཚོར་གློག་གཏོང་འགན་ལེན་དང་། གློག་ཤུགས་སྒྲིག་བཀོད་བདག་སྐྱོང་། བདེ་འཇགས་གློག་སྤྱོད་དང་གློག་གྲོན་ཆུང་བྱེད་དགོས་ལུགས་དྲིལ་བསྒྲགས་བཅས་བྱེད་པ་དང་། ཁྱིམ་ཚང་སུའི་གློག་ལ་སྐྱོན་ཡོད་ན་ལམ་སེང་ཐག་གཅོད་བྱེད་ཀྱི་འདུག”ཅེས་ཉི་མ་རྡོ་རྗེས་བརྗོད་པ་དང་། ཁོང་གིས། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ཡག་པོ་ཡོད་པ་དང་། ཆུ་དང་གློག་ཚང་མ་དོ་དམ་བྱེད་མཁན་ཡོད་པས་སྐྱོན་ཤོར་སྐབས་ལམ་སེང་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་བརྗོད།

    “སྐྱིད་སྣང”ཞེས་པ་ནི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་གང་ས་ཅི་ཐད་ཀྱི་དགོས་མཁོ་དང་རེ་བ་ཚང་མ་རྒྱུན་ཆད་མེད་པར་སྐོང་ཐུབ་པར་ཟེར་ཞིང་། ཀ་ལ་གྲོང་ཚོར་བཅར་འདྲི་བྱེད་རིང་། ཡུལ་མི་ཚོའི་འཛུམ་མདངས་དང་སྐད་ཆ་ལས་གསར་འགོད་པར་ཁམ་བུའི་མེ་ཏོག་གྲོང་ཚོར་བདེ་སྐྱིད་འབྲས་བཟང་སྨིན་པ་ཡང་དངོས་སུ་མྱོང་ཚོར་ཐུབ་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།