དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རིག་གནས་ཡུལ་སྐོར་དང་རྒན་གསོའི་སྒུལ་ཤུགས་གཉིས་ལ་བརྟེན་པ།

    བོད་ཀྱི་དབུ་དཀར་དཔལ་འབྱོར་ལ་གསོན་ཤུགས་གསར་པ་རྒྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-06

    ཉེ་བའི་ལོ་ཤས་རིང་། དབུ་དཀར་དཔལ་འབྱོར་ས་མཐོར་དར་ནས་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དང་རྒན་གསོའི་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།

    “ལོ་གཉིས་ནང་། ང་ཚོས་ལོ་70ཡས་མས་ཀྱི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་ལ་སྣེ་ལེན་ཞུས་པ་ཡིན། ཁོང་ཚོས་མངའ་རིས་དང་ཇོ་མོ་གླང་མའི་གངས་རིའི་མཛེས་ལྗོངས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བོད་ལྗོངས་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱི་འགན་འཁུར་བ་ཕན་ཧྭ་ཕེང་གིས་བཤད།

    མིག་སྔར། བོད་ཀྱིས་སྔར་མེད་ཀྱི་སྤྲོ་སེམས་ཆེན་པོར་བརྟེན་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བཞིན་ཡོད། ཚོང་དོན་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་ཚོགས་པ་སོགས་སྡེ་ཚན་9ཡིས་བཀྲམ་པའི《དབུ་དཀར་ཡུལ་སྐོར་མེ་འཁོར་མང་དུ་བཏང་ནས་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་སྤྱོད་འཆར་གཞི》དང་ལེན་བྱ་ཆེད། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་དོན་འཁྱོལ་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། ལྗོངས་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གིས་མཛེས་ལྗོངས་ལ་བསྐྱར་ཞིབ་དང་རིམ་མཐོའི་མཛེས་ལྗོངས་འཛུགས་གཏོད་ལས་དོན་ལ་བརྟེན་ནས་རྒན་འཕྲོད་ཅན་གྱི་སྒྲིག་བཀོད་དང་ཞབས་ཞུ་སྒྱུར་བཀོད་རིམ་སྤོར་བྱ་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་བ་རེད།

    མཚོ་བོད་ཚོགས་པ་ཀུང་སིས་ཀྱང་དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་སུ་ནུས་ཤུགས་ཧུར་ཐག་འདོན་གྱི་ཡོད། ཀུང་སིས་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་གཉིས་ཁྱོན་ཡོངས་ནས་སྒྱུར་བཀོད་བྱས་ཏེ་གཙོ་བོར་རྒན་འཕྲོད་ཅན་དང་སྐྱིད་སྣང་ཅན་ཡོང་བའི་ཐད་ཤུགས་བརྒྱབ་པ་དང་། ལས་སྒྲུབ་ཞིབ་ཚགས་བྱས་པ་བརྒྱུད། ཆེད་སྤྱོད་མེ་འཁོར་དེ་གཉིས་ད་ལོའི་ཟླ་བ་བཞི་པའི་ཟླ་དཀྱིལ་དང་ཟླ་བ་དྲུག་པའི་ཟླ་སྟོད་དུ་སྒྱུར་བཀོད་ལེགས་གྲུབ་བྱུང་ནས་བདེ་བླག་ངང་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། སྒྱུར་བཀོད་བྱས་རྗེས་ཆེད་སྤྱོད་མེ་འཁོར་དེ་གཉིས་ཀྱི་འཁོར་སྒྲོམ་ནང་གི་སྒྲིག་བཀོད་སྔར་བས་མི་གཤིས་ཅན་དང་རྐུབ་སྟེགས་སྔར་བས་བདེ་པོ་ཡོད་པ་མ་ཟད། ད་དུང་ཆེད་དམིགས་ཀྱི་སྨན་བཅོས་མྱུར་སྐྱོབ་སྒྲིག་ཆས་དང་ཆེད་ལས་ཞབས་ཞུའི་མི་སྣ་ཡང་བཀོད་སྒྲིག་བྱས་ཡོད་པས། ཡུལ་སྐོར་བ་རྒན་རྒོན་ཚོར་སྔར་བས་སྟབས་བདེ་དང་། སྔར་བས་སྐྱིད་སྣང་དོད་པ། སྔར་བས་བདེ་འཇགས་བཅས་ཀྱི་ཕྱིར་སྐྱོད་གདམ་ག་མཁོ་འདོན་བྱས་པ་རེད།

    ད་ལོ། བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ཞིབ་སྲོལ》བཏོན་ཞིང་། ཟླ་3ཚེས་1ནས་21ཉིན་བར“དབུ་དཀར་ཡུལ་སྐོར”མི་ཚོགས་ལ་ཁ་གསབ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད། ཆ་རྐྱེན་འཛོམས་པའི་དབུ་དཀར་ཡུལ་སྐོར་བ་ཞེ་ཁྲེང་དང་གང་དུ་སྐྱོད་སོགས་དྲ་ཐོག་ལས་སྟེགས་བརྒྱུད་དེ་བྱེད་སྒོར་ཞུགས་ཚེ“དབུ་དཀར་ཡུལ་སྐོར་མི་ཚོགས་ཀྱི་དངུལ་སྨར་ཕྱིར་སློག་བྱ་དགའི”ཁ་གསབ་ལོངས་སུ་སྤྱོད་ཆོག ཞེ་ཁྲེང་གི་གྲངས་གཞི་ལས་མངོན་པ་ལྟར་ན། ན་ནིང་ལོ་ན་50དང་དེ་ཡན་གྱི་དབུ་དཀར་ཚོགས་སྤྱི་བོད་དུ་ཡུལ་སྐོར་ཡོང་བའི་མངགས་ཐོ་དུས་མཚུངས་ལས་24%འཕར་ཡོད་པ་རེད།

    རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས། མཚོ་བོད་ཚོགས་པ་ཀུང་སི་སོགས་སྡེ་ཚན་དང་མུ་མཐུད་མཉམ་འབྲེལ་གྱིས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཞབས་ཞུ་ཉམས་ལེན་དང་། འཛད་སྤྱོད་སྲིད་ཇུས། དྲིལ་བསྒྲགས་ཁྱབ་གདལ། ཆེད་སྤྱོད་མེ་འཁོར་གྱི་ཁ་གསབ། མཛེས་ལྗོངས་ཁུལ་གྱི་སྤ་སེ། རྒན་འཕྲོད་ཅན་གྱི་སྒྲིག་བཀོད་སྒྱུར་བཀོད་སོགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། ཡུལ་སྐོར་ཆེད་སྤྱོད་མེ་འཁོར་གྱི་ཡུལ་སྐོར་བའི“ཟ་སྡོད་སྐོར་སྐྱོད”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་སྤུས་ཚད་ལ་འགན་ལེན་བྱས་ཏེ། ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་བའི་ཡིད་དབང་འགུག་རྒྱུ་ཡིན་ཞེས་བཤད།

    དེ་དང་ཆབས་ཅིག རྒྱལ་ཁབ་ཀྱི་སྲིད་ཇུས་མང་པོར་བརྟེན་ནས། བོད་ཀྱི་རྒན་རྒོན་ཕྱིར་སྐྱོད་པའི་གོ་སྐབས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། ཞེ་ཁྲེང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་6ཚེས་19ཉིན་བར། བོད་ཀྱི་རྒན་རྒོན་ལྗོངས་ཕྱིར་ཡུལ་སྐོར་ལ་སོང་ཚད(རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ཡང་ཚུད་པ)དུས་མཚུངས་ལས་11%འཕར་ཡོད་པ་རེད།

    རྒན་གསོའི་ཁྱབ་ཁོངས་སུའང་བོད་ཀྱིས་ལས་དོན་གང་མང་སྤེལ་གྱི་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་3900བཏང་བ་དེ་དག་ཉིང་ཁྲིའི་སྣང་རྫོང་དང་རྫ་ཡུལ་རྫོང་དང་། ལྷོ་ཁའི་མཚོ་སྣ་གྲོང་ཁྱེར། གཞིས་རྩེའི་གཏིང་སྐྱེས་རྫོང་བཅས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་བསྡུས་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་མཐོར་འདེགས་རྣམ་གྲངས་ཐད་སྤྱད་པ་རེད།

    ལས་རིགས་ནང་ཁུལ་གྱི་མི་སྣས། དབུ་དཀར་དཔལ་འབྱོར་ས་མཐོར་དར་རྒྱས་བྱུང་བ་ལས་རྒན་རྒོན་ཚོགས་སྤྱིར་སྔར་བས་ལེགས་པའི་ཞབས་ཞུ་མཁོ་འདོན་ཐུབ་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་གནམ་ས་གསར་པ་བཏོད་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།