མཚོ་བོད་ས་མཐོར་དམག་དམངས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།
—— ནག་ཆུ་གྲོང་ཁྱེར་གྱིས“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གཏོད་སྐབས་ཀྱི་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས།
འདི་ལོའི་ཟླ་བ་བཞི་པར་གཉིས་བཀུར་འཛུགས་གཏོད་ཀྱི་གྲུབ་འབྲས་ཏན་ཏིག་དང་། མངོན་གསལ་དོད་པའི་དམག་དམངས་མཉམ་སྐྲུན་གྱི་ཕན་འབྲས་དངོས། བརྩེ་སེམས་ཟབ་པའི“རང་རེའི་མི་དམངས་ལ་དགའ་ཞེན་དང་རང་རེའི་དམག་དཔུང་ལ་དགའ་ཞེན”གྱི་རྣམ་པ་ཟབ་མོ་བཅས་ལ་བརྟེན་ནས་ནག་ཆུ་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
ལྗིད་ཏིག་ཏིག་གི་གཟི་བརྗིད་འདི་ནི་དམག་སྲིད་དང་དམག་དམངས་ལག་གདང་སྦྲེལ་ནས་འབད་འབུངས་བྱས་ཏེ་བརྐོས་པའི་གཉིས་བཀུར་གཟི་བརྗིད་རྡོ་རིང་ཞིག་ཡིན་པ་དང་། དེའི་ནང་མི་སེམས་འགུལ་བའི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་པའི་གཏམ་རྒྱུད་ཡོད།
གཉིས་བཀུར་གྱི་སྲོལ་རྒྱུན་མུ་མཐུད་རྒྱུན་འཛིན་བྱེད་པ།
ནག་ཆུ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་དང་སྐམ་སའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། དེར་མཚོ་བོད་གཞུང་ལམ་དང་། མཚོ་བོད་ལྕགས་ལམ། ཁྲོན་བོད་གཞུང་ལམ་གྱི་བྱང་རྒྱུད་ལམ་ཐིག(རྒྱལ་ལམ་317)སོགས་ཀྱི་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་འཕྲེད་གཞུང་སྣོལ་མར་གནས་ཡོད།
བོད་དུ་བཅིངས་འགྲོལ་དང་བོད་ལྗོངས་འཛུགས་སྐྲུན་གྱི་དོན་དུ་རིན་བྲལ་ཚེ་སྲོག་སྐྱེས་སུ་འབུལ་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ནག་ཆུའི་མི་དམངས་ཀྱིས་བརྗེད་མེད། ནག་ཆུ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“གསར་བརྗེའི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག”ཅེས་པའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་ཡོད། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་1000བཏང་ནས་གྲོང་ཁྱེར་རིམ་པའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། མ་དངུལ་སྒོར་ཁྲི་500བཏང་ནས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་འགྲེམས་སྟོན་ཁང་ལ་བཟོ་བཅོས་བརྒྱབ་པ། དྲན་གསོའི་བྱེད་སྒོ་ཐེངས་120ལྷག་ཙམ་སྤེལ་བ། མི་ཐེངས་ཁྲི་1.5ལྷག་ཙམ་གྱིས་གསར་བརྗེའི་སློབ་གསོ་དང་ལེན་བྱས་ཡོད།
མིག་སྔར་གྲོང་ཁྱེར་ཡོངས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་7བསྐྲུན་ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་དུ་རྒྱལ་སྲུང་སློབ་གསོའི་སློབ་ཚན་300ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ། ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁྱམས་རིང་དུ་ས་གནས་ཀྱི་ཁེ་ལས་དང་སློབ་གྲྭ་སོགས་ཀྱི་སྒྲིག་གཞིའི་མི་ཐེངས་4000ལྷག་ཙམ་ལྟ་སྐོར་དུ་ཡོང་བར་སྣེ་ལེན་ཞུས་པས། ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་ཟབ་ཏུ་ཕྱིན་ཡོད་ལ་རྒྱལ་སྲུང་གི་སྟོབས་ཤུགས་ཀྱང་གཅིག་སྒྲིལ་ཐུབ་ཡོད། གཞན་ཡང་། ནག་ཆུ་གྲོང་ཁྱེར་གྱིས“དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས”དང“དམག་བཀུར་མི་སྣ་ཡག་ཤོས”སོགས་དཔྱད་འདེམས་གཟེངས་བསྟོད་དང་། བྱས་རྗེས་བཞག་པར་གཏམ་བཟང་སྒྲོག་པ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཡོད། ཉེ་བའི་ལོ་ཤས་རིང་། ཚེ་སྐྱོབ་དང་སྲི་ཆོད་སོགས“རྒྱལ་ཡོངས་ཀྱི་དཔེ་བཟང་དམག་ཞབས་ཐིམ་པའི་དམག་མིའི”འཐུས་ཚབ་སྔ་རྗེས་སུ་ཐོན་ཡོད།
རྣམ་པ་གསར་རྐྱང་སྒོ་ནས་དམག་བཀུར་ལས་དོན་སྤེལ་བ།
ནག་ཆུར་སྐྱོད་སྐབས་གཉིས་བཀུར་མཚོན་རྟགས་མངོན་ཆེ་སར་སྦྱར་ཡོད་པ་གང་སར་མཐོང་རྒྱུ་ཡོད། མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་སར་དམག་མི་སྔོན་སྐྱོད་ཀྱི་མཚོན་རྟགས་སྦྱར་ཡོད་པ་དང་། རླངས་འཁོར་འཇོག་སར་དམག་མིའི་རླངས་འཁོར་ལ་འཇོག་གླ་སྤྲོད་མི་དགོས་པའི་མཚོན་རྟགས་སྦྱར་ཡོད་པ། གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་སྐར་ཁུང་ཚན་པ་ཁག་གིས“དམག་མི་དང་། དམག་ཞབས་ཐིམ་པའི་དམག་མི། ‘འདས་པོའི་གཉེན་ཉེ་གསུམ’བཅས་སྔོན་སྐྱོད”ཀྱི་མཚོན་རྟགས་སྦྱར་ཡོད་པ་དང་། དེ་བས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་ཞིག་ནི་གྲོང་ཁྱེར་ཡོངས་ཀྱིས“ནག་ཆུ་གྲོང་ཁྱེར་གྱི་དམག་བཀུར་ཁེ་ལས(ཚན་པ་དང་ཚོང་དུད)”200ལྷག་ཙམ་དང་གན་རྒྱ་བཞག་ནས་ཅུང་འཐུས་སྒོ་ཚང་བའི་དམག་བཀུར་ཞབས་ཞུའི་དྲ་རྒྱ་བསྐྲུན་ཡོད།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཚུགས་གནས་མཐོ་པོས་ཇུས་བཀོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དེ་གཉིས་བཀུར་དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་དང་། དཔུང་སྡེ་སྒྱུར་བཅོས་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་། དམག་མི་དང་དམག་མིའི་ནང་མི། དེ་བཞིན་གཟིགས་སྐྱོང་བྱ་ཡུལ་བཅས་ཀྱི་ཁེ་ཕན་འགན་ལེན་དང་ཟུང་འབྲེལ་བྱས་ནས་སྙིང་ཉེ་བ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ཏེ་གཉིས་བཀུར་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ས་མཐོར་དམག་དམངས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བས་ཕྱུག་པ།
ད་ལོའི་ཟླ་5ཚེས་16ཉིན། ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་བཀོད་འཐབ་པ་ཚོས་ཁ་ཆར་བུ་ཡུག་ལ་མི་བལྟོས་པར་སླར་ཡང་ལོ་66ལ་སླེབས་པའི་བགྲེས་སོང་ཡིད་ཕྱུག་གི་ཁྱིམ་དུ་བསྐྱོད། “ད་ཆ་པུས་མོ་ཐང་དུ་ཕྱིན་འདུག་པས་ཁྱིམ་དུ་ཡོད་པའི་རྐུབ་སྟེགས་འཁོར་ལོ་ཅན་ཡང་བེད་མེད་དུ་གྱུར་སོང”ཞེས་བགྲེས་སོང་གིས་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ནས་ཁྱིམ་དུ་འཚམས་འདྲི་བྱེད་པར་ཡོང་མཁན་ལ་སེམས་འགུལ་ཐེབས་བཞིན་དུ་བཤད།
གནས་ཚུལ་གྱི་མགོ་མཇུག་ཤེས་རྟོགས་བྱེད་སྐབས། ནག་ཆུ་ཡན་ལག་དམག་ཁུལ་ཁང་གིས་རྒྱུན་རྣམ་ཅན་གྱི་འོས་འགན་སྨན་བཅོས་བྱེད་དུས་ནད་གཞི་ཅུང་ལྕི་བའི་རྒན་རྒོན་11བདམས་ཏེ་2024ལོའི་ཟླ་དང་པོར་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པར་བསྐྱལ་ཡོད། “སྐབས་དེ་དུས་ཡིད་ཕྱུག་ནི་དེའི་གྲས་ནས་ནད་གཞི་ལྕི་ཤོས་ཡིན་པ་དང་། ཁོང་ལ་གྲུམ་བུའི་ནད་ཚབས་ལྕི་པོ་ཕོག་ནས་འཚོ་བ་རང་སྐྱ་འཕེར་ཐབས་བྲལ་ཡོད”ཅེས་ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་དམག་མིའི་སྨན་པ་ལིའུ་ཅུན་གྱིས་བཤད།
“བཅིངས་འགྲོལ་དམག་གི་བཀའ་དྲིན་ལས་ད་ལོ་ང་ལ་གྲོང་ཚོའི་མཉམ་ལས་ཁང་གི་བགོ་འགྲེམས་རག་བྱུང”ཞེས་ཡིད་ཕྱུག་གིས་བཤད།
བགྲེས་སོང་ཡིད་ཕྱུག་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཆུ་མགོ་རི་མ་གྲོང་ཚོར་གཞིས་ཆགས་ཡོད། གྲོང་ཚོ་ཨུ་ལྷན་ནས་གསར་འགོད་པས་བགོ་འགྲེམས་ཀྱི་བྱང་བུ་4མཐོང་བྱུང་བ་དེའི་སྟེང་ཆུ་མགོ་རི་མ་གྲོང་ཚོའི་འབྲི་གཡག་རྒྱགས་གསོའི་རྟེན་གཞིའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཉེ་བའི་ལོ་4རིང་བགོ་འགྲེམས་བརྒྱབ་པའི་དངུལ་སྨར་གྱི་ཐོ་བཀོད་ཡོད་པ་སྟེ། 2021ལོར་སྒོར་ཁྲི་26.18དང་། 2022ལོར་སྒོར་ཁྲི་28.5 2023ལོར་སྒོར་ཁྲི་31.085 2024ལོར་སྒོར་ཁྲི་45.1བཅས་རེད། རིམ་བཞིན་འཕར་བའི་གྲངས་གཞི་ལས་བཅའ་སྡོད་དཔུང་སྡེས་ལྷག་བསམ་ཟོལ་མེད་ངང་རོགས་སྐྱོར་བྱས་པ་གང་ལེགས་མངོན་ཐུབ།
མི་དམངས་དམག་དཔུང་ལ་མི་དམངས་ཀྱིས་དགའ་ཞེན་དང་མི་དམངས་དམག་དཔུང་གིས་མི་དམངས་ལ་དགའ་ཞེན་བྱེད། དུས་རབས་གསར་པའི་རྒྱང་ལམ་གསར་པར་ནག་ཆུ་གྲོང་ཁྱེར་གྱིས“དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དང་། “དམག་དཔུང་དང་ས་གནས་བསམ་ཇུས་གཅིག”གི་འདུ་ཤེས་བརྟན་པོར་བཙུགས་ནས་གཉིས་བཀུར་གྱི་གཟི་བརྗིད་སྲོལ་རྒྱུན་ལྡན་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་གཤིན་པོ་འདིའི་ཐོག“གསར་བརྗེའི་ས་བོན”ལས་བསྐྱངས་པའི་གཉིས་བཀུར་མེ་ཏོག་དེ་བས་མཛེས་སྡུག་ལྡན་པར་བཞད་པ་དང་དེ་བས་བཀྲག་མདངས་འཚེར་བར་བྱས་ཡོད།