2025ལོའི་ངོགས་གཉིས་ཀྱི་གཞོན་ནུའི་དབུ་ཚོགས་པེ་ཅིང་དུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། 2025ལོའི་ངོགས་གཉིས་ཀྱི་གཞོན་ནུའི་དབུ་ཚོགས་པེ་ཅིང་དུ་འགོ་ཚུགས་ཤིང་། མཚོ་འགག་ངོགས་གཉིས་ཀྱི་ལས་རིགས་ཁག་གི་མི་སྣ་དང་གཞོན་ནུའི་འཐུས་མི་700ལྷག་ཙམ་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས་འགོ་ཚུགས་མཛད་སྒོར་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་གཞོན་ནུ་རྣམས་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་ཚད་མཐོའི་མཐོང་ཆེན་དང་། གཞོན་ནུ་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་ཕྲག་ཏུ་འཁུར་རྒྱུར་ཐུགས་རེ་ཆེན་པོ་གནང་བ་དང་སྦྲགས། ངོགས་གཉིས་ཀྱི་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཕན་ཚུན་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་གི་འདུག ངོགས་གཉིས་ཀྱི་གཞོན་ནུའི་དབུ་ཚོགས་ནི་ཐའེ་དབན་དང་སྐམ་ས་ཆེ་མོའི་གཞོན་ནུ་ཚོས་ཕན་ཚུན་སྤེལ་རེས་དང་མིག་ལྟོས་བྱེད་སའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། མི་རིགས་བསྐྱར་དར་དང་མེས་རྒྱལ་གཅིག་གྱུར་ལ་གསར་སྐྱེས་སྟོབས་ཤུགས་དང་ལང་ཚོའི་གསོན་ཤུགས་རྒྱུན་ཆད་མེད་པར་སྣོན་གྱི་ཡོད། དུས་ཡུན་རིང་པོའི་ནང་། པེ་ཅིང་དང་ཐའེ་དབན་དབར་འབྲེལ་བ་ཟབ་པས་སྤེལ་རེས་དང་མཉམ་ལས་ལའང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ནི་ཤ་རུས་གཅིག་པའི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་པས། མི་རིགས་ལ་མཚོན་ན་ཚང་མར་ཐུན་མོང་གི་འགན་འཁྲི་ཡོད་པ་དང་འབྱུང་འགྱུར་ལ་མཚོན་ན་ཚང་མར་ཐུན་མོང་གི་ལས་འགན་ཡོད། ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་རིག་གནས་བསམ་བཀོད་དང་། མངོན་མིན་རིག་གནས་ཤུལ་བཞག གློག་བརྙན་བརྙན་འཕྲིན་སོགས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། པེ་ཅིང་དང་ཐའེ་དབན་གྱི་སྤེལ་རེས་འགྲོ་འོང་ལ་མཉམ་དུ་སྐུལ་འདེད་བཏང་ནས། ངོགས་གཉིས་ཀྱི་གཞོན་ནུ་རྒྱུན་དུ་ཕར་འགྲོ་ཚུར་འོང་མང་ཙམ་བྱས་ཏེ་མཛའ་བརྩེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཐོག མི་རིགས་ཀྱི་དོན་ཆེན་ཕྲག་ཏུ་འཁུར་བ་དང་། རྒྱལ་གཅེས་ཀྱི་སེམས་པ་དང་རྒྱལ་ཁབ་ཀྱི་དྲིན་གཟོ་བའི་འདུན་པ་དྲག་ཏུ་གཏོང་བ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་ལང་ཚོའི་ལེའུ་རྩོམ་དགོས།
ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་འཚར་ལོངས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ལ། “གཞོན་ནུ་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན་པས། ངོགས་གཉིས་ཀྱི་གཞོན་ནུ་ཡག་པོ་ཆགས་ཚེ་ངོགས་གཉིས་ཀྱི་འབྱུང་འགྱུར་གཞི་ནས་ཡག་པོ་ཡོང་གི་རེད”ཅེས་ནན་གསུང་གནང་ཡོད། ངོགས་གཉིས་ཀྱི་གཞོན་ནུ་ཚང་མ་ནི་མི་རིགས་བསྐྱར་དར་གྱི་ལས་དོན་ནང་ཞུགས་མཁན་དང་། དེར་སྐུལ་འདེད་གཏོང་མཁན། དེ་ལས་ཕན་པ་ཐོབ་མཁན་བཅས་ཡིན་པས། དུས་རབས་ཀྱིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ཁུར་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ལང་ཚོའི་གསོན་ཤུགས་སྣོན་པ་དང་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ངོགས་གཉིས་ཀྱི་གཞོན་ནུ་ཚོས“རྒྱལ་ཁབ་ཀྱི་ས་ཆ་ཁ་ཕྲལ་མི་རུང་བ་དང་། རྒྱལ་ཁབ་ཟང་ཟིང་དུ་འགྱུར་མི་རུང་བ། མི་རིགས་ཁ་ཐོར་དུ་འགྱུར་མི་རུང་བ། ཤེས་དཔལ་གྱི་རྒྱུན་ཆད་མི་རུང་བ”བཅས་ཀྱི་ཐུན་མོང་གི་དད་སེམས་མཐའ་འཁྱོངས་བྱས་ཐོག “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་གཞོན་ནུ་ཚོས་འགན་འཁྲི་འཁུར་ཕོད་པ་དང་། ལག་གདང་སྦྲེལ་ནས་འབད་འཐབ་བྱེད་པ། ཕུགས་བསམ་ཆེན་པོ་ཡོད་པ། ཏན་ཏན་ཏིག་ཏིག་བཅས་བྱས་ཏེ། ངོགས་གཉིས་དབར་ཀྱི་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཧུར་ཐག་ཞུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་སྟོང་འཕྲོ་བའི་མདུན་སྐྱོད་ཀྱི་ལམ་བུར་གཞོན་ནུས་འགན་འཁྲི་འཁུར་ཚུལ་མངོན་པར་བྱེད་དགོས།