དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ།

    རི་སྔོན་ཆུ་དྭངས་མཉམ་དུ་སྲུང་སྐྱོང་བྱེད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-06

    འདི་ནི་རྒྱལ་ཁབ་གློག་ཤུགས་མ་འཇོག་ཝུའུ་ལིན་གློག་ཤུགས་ཀུང་སིའི་ཁོའོ་ཁེ་སི་པཱ་ཀྲར་རླུང་གློག་ཐང་ཡིན་པ།(མོ་ཧན་མོ་ཏེ·ཨ་ལི་ཧྥུའུ་ཡིས་པར་བརྒྱབ)

    འདི་ནི་ལུའུ་ལི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་ཁྲོད་རི་སྐྱེས་སྲོག་ཆགས་འགྲོ་ས་བཟོས་པ། (མཱ་ཅིང་ཙེས་པར་བརྒྱབ)

    པོ་ལི་ཝེ་ཡའི་ལུའུ་ལི་གཞུང་ལམ།

    ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིའི་ཚོགས་པས་སྐྲུན་འགན་འཁུར་བའི་པོ་ལི་ཝེ་ཡའི་ལུའུ་ལི་གཞུང་ལམ་དེ་པོ་ལི་ཝེ་ཡའི་ནུབ་བྱང་རྒྱུད་ཀྱི་པེ་ཉི་ཞིང་ཆེན་དུ་གནས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་508.07ཡོད་ཅིང་། པོ་ལི་ཝེ་ཡའི་ནུབ་བྱང་ལམ་ཐིག་བྱང་ངོས་ཀྱི་ཕྱིར་སྐྱོད་བགྲོད་ལམ་གྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས་གཞུང་ལམ་བསྐྲུན་རྗེས་རྒྱལ་ཁབ་དེའི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཡུལ་སྐོར་ལས་རིགས་སོགས་ཐོན་ལས་ལ་སྐྱེལ་འདྲེན་གྱི་འདེགས་སྐྱོར་བྱ་རྒྱུ་རེད། རྣམ་གྲངས་དེ་ཡ་མ་སུན་ཆར་ནགས་དང་པོ་ལི་ཝེ་ཡའི་རིག་གནས་སྲུང་སྐྱོང་ས་ཁོངས་སུ་གནས་པ་དང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གྱིས་ལྗང་མདོག་ཐཱན་ཉུང་གི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དེ་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། འགྲོ་ལམ་རྒྱུད་ཀྱི་རང་བྱུང་དང་སྐྱེ་ཁམས་ཁོར་ཡུག་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱ་རྒྱུ་རེད། རྣམ་གྲངས་ཚོགས་པས་སྲོག་ཆགས་འགྲོ་ས་བསྐྲུན་པ་དང་། སྐྱེ་དངོས་སྤོ་འཛུགས། རྩ་ཆེའི་སྐྱེ་དངོས་ཀྱི་ཆ་འཕྲིན་བྱང་བུ་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ས་གནས་དེ་དང་མཉམ་དུ་སྲོག་ཆགས་འཚོ་གནས་ཁུལ་དང་སྐྱེ་དངོས་འཚར་ཡུལ་སྲུང་སྐྱོང་བྱས་ནས་སྐྱེ་དངོས་མང་པོའི་སྐྱེ་འཕེལ་དང་སྐྱེ་འཚར་ལ་དག་ཞིང་ཞིག་སོར་འཇོག་བྱས་ཡོད།

    —— ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་པོ་ལི་ཝེ་ཡའི་ལུའུ་ལི་གཞུང་ལམ་རྣམ་གྲངས་ཀྱི་ལས་ཡུལ་དངོས་ཀྱི་ལག་རྩལ་ཆེ་མོ་བ་ཧྥེ་ནན་ཏུའོ·ཝ་ནཱ་ཁུའུ་ཉི།

    བྷང་ག་ལའི་ཁོའོ་ཁེ་སི་པཱ་ཀྲར་གྱི་རླུང་གློག་རྣམ་གྲངས།

    རྒྱལ་ཁབ་གློག་ཤུགས་མ་འཇོག་ཝུའུ་ལིན་གློག་ཤུགས་ཀུང་སིས་མ་དངུལ་བཏང་ནས་གསར་སྤེལ་བྱས་པའི་བྷང་ག་ལའི་གཅིག་སྡུད་རྣམ་པའི་རླུང་གློག་རྣམ་གྲངས་དང་པོ་སྟེ། ཁོའོ་ཁེ་སི་པཱ་ཀྲར་གྱི་རླུང་གློག་རྣམ་གྲངས་2024ལོའི་ཟླ་3ཚེས་8ཉིན་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པར་གློག་འདོན་ཤུགས་ཀྲའོ་ཝ་66ཟིན་པ་དང་ཁྱོན་རླུང་འཁོར་22ཡོད། རྣམ་གྲངས་དེས་ལོ་ལྟར་བྷང་ག་ལར་གློག་ཤུགས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་1.45ཙམ་མཁོ་འདོན་བྱེད་པ་དེས་རྡོ་སོལ་ཏུན་ཁྲི་4.46གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་10.92ཉུང་དུ་བཏང་བ་དང་ཁྱིམ་ཚང་ཁྲི་10ཡི་གློག་སྤྱོད་དགོས་མཁོ་བསྐངས་ནས། བྷང་ག་ལའི་རླུང་གློག་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་རྨང་གཞི་བཏིང་ཡོད།

    —— རྒྱལ་ཁབ་གློག་ཤུགས་མ་འཇོག་ཝུའུ་ལིན་གློག་ཤུགས་བྷང་ག་ལའི་བྱ་གཞག་པུའི་རླུང་གློག་འཁོར་སྐྱོད་ལས་རེས་པ་མོ་ཧན་མོ་ཏེ·ཨ་ལི་ཧྥུའུ།

    ཕ་ཁི་སི་ཐན་གྱི་སཱ་ཤིས་ཝར་གློག་ཁང་།

    ཕ་ཁི་སི་ཐན་གྱི་སཱ་ཤིས་ཝར་གློག་ཁང་ནི་ཕ་ཁི་སི་ཐན་ཕང་ཀྲེ་ཕུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལཱ་ཧོར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་120ཙམ་གྱི་སར་གནས་པ་དང་། དེ་ནི་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་སྔོན་ལ་ལག་ལེན་བསྟར་བའི་རྣམ་གྲངས་ཀྱི་གྲས་ཤིག་རེད། གློག་ཁང་དེ་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་ཞིང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཚན་ཞིབ་ཇུས་འགོད་དང་། ལས་གྲྭ་འཛུགས་སྐྲུན། ཐོན་སྐྱེད་གཉེར་སྐྱོང་བཅས་ཀྱི་ལྷུ་ཚིགས་ཚང་མར་ཁྱབ་པས་ཕ་ཁི་སི་ཐན་གྱི“ཁོར་ཡུག་སྲུང་སྐྱོང་གི་གཟེངས་ཐོན་བྱ་དགའ”ཐེངས་དྲུག་བསྟུད་མར་ཐོབ་ཡོད། 2017ལོར་འཁོར་སྐྱོད་བྱེད་འགོ་ཚུགས་ཚུན། གློག་ཁང་གིས་ཕ་ཁི་སི་ཐན་གྱི་གློག་ཤུགས་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་བཏང་བ་མ་ཟད། ས་གནས་དེ་གའི་ཐཱན་འབུད་ཚད་ཉུང་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད།

    —— ཕ་ཁི་སི་ཐན་གྱི་ས་ཞི་ཝར་གློག་ཁང་གི་ལས་མི་ཝུའུ་མེར·ཧྲ་ཞི་ཏེ།

    ན་སྨི་པི་ཡའི་ལུའོ་ཤིན་ཡུ་གཏེར་ལས།

    འདི་ནི་ཀུང་སི་དེའི་ལས་མིས་སྤོ་འཛུགས་བྱས་པའི་སྐྱེ་དངོས་ལ་གཡོག་བྱེད་བཞིན་པ། (ཝུའུ་ཧུའེ་ལིན་གྱིས་པར་བརྒྱབ)

    ན་སྨི་པི་ཡའི་ལུའོ་ཤིན་ཡུ་གཏེར་ལས་ནི་1976ལོར་ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཀྲུང་གོ་ཉིང་རྡུལ་ཚོགས་པས་2019ལོར་དེའི་རྐང་དབང་ཉོ་སྒྲུབ་བྱས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་ལྟེ་བའི་གནས་བབ་ཐོག་བཞག་ནས“སྲོག་ཆགས་སྔོན་འཇོག”དང་སྐྱེ་དངོས་སྲུང་སྐྱོང་བྱེད་པའི་རྩ་དོན་ལ་བརྩི་སྲུང་ནན་པོ་བྱེད་ཀྱི་ཡོད། ཐོན་ཁུངས་རྩད་ཞིབ་རྣམ་གྲངས་ལག་ལེན་མ་བསྟར་གོང་ཨར་ལས་ཚོགས་པས་རྣམ་གྲངས་ལག་བསྟར་ས་ཁོངས་ནང་གི་རྩ་ཆེའི་སྐྱེ་དངོས་ལ་ཞིབ་དཔྱད་ཐེངས་མང་བྱས་པ་མ་ཟད། རྩ་ཆེའི་སྐྱེ་དངོས་སྲུང་སྐྱོང་གི་ཉེན་བརྡའི་བྱང་བུ་བཙུགས་ནས་སྐྱེ་དངོས་བདེ་འཇགས་ངང་སྤོ་འཛུགས་བྱེད་པའི་སྔོན་ཇུས་ནུས་ལྡན་བཟོས་ཏེ་སྐྱེ་དངོས་ཚང་མ་དུས་ཐོག་ཏུ་ངོས་འཛིན་དང་། ཡིག་ཚགས་ནང་དུ་འཇུག་པ། སྤོ་འཛུགས་བཅས་ཐུབ་པའི་འགན་ལེན་བྱས་པ་རེད།

    —— ཀྲུང་གོ་ཉིང་རྡུལ་ཚོགས་པའི་ལུའོ་ཤིན་ཡུ་ལས་སྤྱི་པའི་འབྲེལ་བ་པུའི་གཙོ་གཉེར་བ་ཧྥེ་ཁཱ་མེ་ཉི·མཱ་ཏི་ཡ་སི།

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ཅི་ཝ་ཡི་འོད་ཤུགས་རྣམ་གྲངས།

    འདི་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཅི་ཝ་ཡི་འོད་ཤུགས་རྣམ་གྲངས་ཡིན་པ། (ཝུན་པིན་གྱིས་པར་བརྒྱབ)

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ཅི་ཝ་ཡི་འོད་ཤུགས་རྣམ་གྲངས་ནི་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཕྱི་རྒྱལ་མ་འཇོག་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་དེའི་ནང་པུའུ་ཧ་ལཱ་ཀྲོའུ་ཡི་ཀྲའོ་ཝ་500ཡི་གློག་ཁང་དང་ཁཱ་ཧྲི་ཁཱ་ཏ་ལི་ཡ་ཀྲོའུ་ཡི་ཀྲའོ་ཝ་500ཡི་གློག་ཁང་ཚུད་ཡོད། རྣམ་གྲངས་དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་འཚོགས་རྗེས་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་མ་དངུལ་བཏང་ནས་བསྐྲུན་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་ཆེ་གྲས་དང་པོ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་འོག་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་མ་དངུལ་བཏང་ནས་བསྐྲུན་པའི་འོད་ཤུགས་རྣམ་གྲངས་ཆེ་ཤོས་ཀྱང་རེད།

    —— ཨུ་ཟ་བྷེ་ཁི་སི་ཐན་གྱི་ཅི་ཝ་ཡི་འོད་ཤུགས་རྣམ་གྲངས་ཀྱི་ལག་རྩལ་ཆེ་མོ་བ་ཝུའུ་ལུའུ་ཀེ་པེ་ཁེ·ནུའུ་ལུའུ་ལཱ་ཡེ་ཧྥུའུ།

    འདི་ནི་སཱ་ཤིས་ཝར་གློག་ཁང་གི་རྒྱང་རིང་གི་ཡུལ་ལྗོངས་ཡིན་པ། (ཁྲེན་ཏཱ་ཕེང་གིས་པར་བརྒྱབ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།