རྒྱལ་ཁབ་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ།
དྲ་འཕྲིན་སྡེ་ཚན་གྱི་སྲིད་འཛིན་ཆད་གཅོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ།
ཉེ་ཆར། རྒྱལ་ཁབ་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས《དྲ་འཕྲིན་སྡེ་ཚན་གྱི་སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་གཅོད་བྱེད་དབང་གི་ཚད་གཞི་སྤྱད་འཐུས་ཀྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ནས་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། རྒྱལ་ཁབ་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་གཏན་འབེབས་བྱས་པའི་དམིགས་ཡུལ་ནི་དྲ་འཕྲིན་སྡེ་ཚན་གྱི་སྲིད་འཛིན་ཆད་གཅོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
གཏན་འབེབས་ནང་། སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་གཅོད་བྱེད་དབང་གི་ཚད་གཞི་ནི་དྲ་འཕྲིན་སྡེ་ཚན་གྱིས་སྲིད་འཛིན་ཆད་གཅོད་ལག་བསྟར་བྱེད་སྐབས་ཁྲིམས་ཚད་གཏན་འཁེལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་དོན་དངོས་དང་། ངོ་བོ། གནས་ཚུལ། སྤྱི་ཚོགས་ཀྱི་གནོད་འཚེའི་ཚད་གཞི། དོ་བདག་གི་རང་སྣང་ནོར་འཁྲུལ་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཁྲོད་ཀྱི་རྩ་དོན་རང་བཞིན་གྱི་གཏན་འབེབས་སམ་ཡང་ན་ལྡེམ་ཤུགས་ངེས་ཅན་ལྡན་པའི་ཁྲིམས་སྒྱུར་དབང་ཚད་དང་ཁྲིམས་གཅོད་བྱེད་ཚད་སོགས་ཀྱི་ནང་དོན་ལ་ཞིབ་ཚགས་དང་ཚད་འབེབས་བྱས་ནས་གྲུབ་པའི་ཞིབ་ཕྲའི་ཁྲིམས་སྒྱུར་ཚད་གཞིར་ཟེར། དྲ་འཕྲིན་སྡེ་ཚན་གྱིས་སྲིད་འཛིན་ཆད་གཅོད་དང་འཚམ་པའི་ཁྲིམས་གཅོད་བྱེད་དབང་གི་ཚད་གཞི་བཟོ་སྐབས་ཁྲིམས་ལུགས་གཅིག་གྱུར་དང་། དྲང་གཞག་དྲང་བདེན། ཆད་གཅོད་འོས་འཚམ། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་སོགས་ཀྱི་རྩ་དོན་ལ་གཞི་ཚུགས་དགོས་པ་ཁ་གསལ་བཏོན་ཡོད།