ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པ་བཅའ་སྡོད་ལེགས་གྲུབ་བྱུང་བ།
གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་་ཁག་བཞི་པས་ལྟ་ཞིབ་བཅའ་སྡོད་དུས་མཚམས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཡོད། 2025ལོའི་ཟླ་6ཚེས་28ཉིན་བར། ལྟ་ཞིབ་ཚོགས་ཆུང་ཁག་ལ་མང་ཚོགས་ཀྱི་ཁ་པར་དང་འཕྲིན་ཡིག་བརྒྱུད་ཐེར་འདོན་བསྡོམས་23311འབྱོར་ནས་གོ་ཆོད་ཐེར་འདོན་ཁག་17880བདག་སྤྲོད་བྱས་པ་དང་། བསྐྱར་ཟློས་ཐེར་འདོན་གསེད་བཀྲོལ་དང་ཟླ་སྒྲིལ་བཏང་བ་བརྒྱུད། རིམ་རྩིས་བརྒྱབ་ན། ལྟ་བཤེར་བྱ་ཡུལ་ལ་ཐེར་འདོན་ཁག་14066བསྒྲུབ་རྒྱུར་སྤྲད་ཅིང་། ལྟ་ཞིབ་བྱ་ཡུལ་གྱིས་ཐེར་འདོན་ཁག་9213བདག་སྤྲོད་བྱས་ཟིན་པའམ་ཡང་ན་དུས་མཚམས་རང་བཞིན་གྱི་ལེགས་སྒྲུབ་བྱས་ཡོད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པའི་ཚོགས་ཆུང་8ཟླ་5ཚེས་26ནས་28ཉིན་བར་ཧྲན་ཤིས་དང་། ནང་སོག ཧྲན་ཏུང་། ཧྲའན་ཤིས། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5དང་དེ་བཞིན་ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་ཁེ་ལས་3ལ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་པ་རེད།
བཅའ་སྡོད་བྱེད་རིང་། ལྟ་ཞིབ་ཚོགས་ཆུང་ཁག་གིས་དངོས་འཛིན་བཙན་འཐབ་མཐའ་འཁྱོངས་བྱས་ཏེ། འཐབ་ས་དང་པོ་དང་ས་གནས་ས་ཐོག་ཏུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ལ་ཞིབ་བཤེར་བྱས་པ་དང་། དགོས་པའི་ལས་མི་བྱེད་པ་དང་ལས་འགྱངས་གཏོང་བ་དང་། འགན་མི་ཁུར་བ་དང་མཁྲེགས་སར་མི་གཏུགས་པ། ཐ་ན་ཁྲལ་སེལ་སླ་བཅོས་དང་མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་ཁག་གཅིག་ལ་བདེན་མིན་ཞིབ་དཔྱད་བྱས་ནས། ཁོར་ཡུག་སྲུང་སྐྱོང་ལ་ཁ་གཡར་ཏེ“གཅིག་དཔེ་བརྒྱ་འགེབས”བྱེད་པ་དང་། འགན་འཁྲི་བདའ་འདེད་རྒྱ་ཁྱབ་ཅན་དང་སྟབས་བདེ་ཅན་དུ་གཏོང་བ། དེ་བཞིན་འགན་འཁྲི་བདའ་འདེད་ཀྱིས་དག་ཐེར་གྱི་ཚབ་བྱེད་པ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྒྲུབ་རྒྱུར་རྩིས་སྤྲད་ཟིན་པ་དང་ཞིབ་བཤེར་ཐག་གཅོད་དང་དག་ཐེར་བྱ་རྒྱུར་ལུས་པའི་མང་ཚོགས་ཀྱི་ཐེར་འདོན་གནད་དོན་ཐད་ལྟ་ཞིབ་ཚོགས་ཆུང་ཁག་གིས་མི་སྣ་བཀོད་སྒྲིག་བྱས་ནས་མུ་མཐུད་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ། མང་ཚོགས་ཀྱི་ཐེར་འདོན་གནད་དོན་ཞིབ་བཤེར་ཐག་གཅོད་གནད་ལ་འཁེལ་བ་དང་། དག་ཐེར་གནད་ལ་འཁེལ་བ། ཡོངས་བསྒྲགས་གནད་ལ་འཁེལ་བ་བཅས་ཀྱི་འགན་ལེན་བྱེད་རྒྱུ་རེད།