དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐལ་བཟང་མེ་ཏོག་འདབ་བརྒྱ་ལྷུག་པོར་གྲོལ།

    ཀྲུང་གུང་ཏང་ཡོན་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཡན་ལག་རུ་ཁག་ཅིག་གི་ལྡིང་དཔོན་ཟླ་བ་སྒྲོལ་དཀར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་པིང་ཤོན།   |     སྤེལ་དུས།  2025-07-05

    2020ལོར། སྐར་ཆ་བཅུ་ཡང་མི་ཟིན་པའི་བརྙན་ཟློས་ཤིག་གི་ནང་། ཁོ་མོས་ལག་ཏུ་ལྐོག་འཕེན་མེ་མདའ་བཟུང་ཞིང་། མིག་གིས་སྡིག་ཆས་ལ་བསྡིགས་ཏེ་སྤོར་ཏོག་མནན་ཙམ་བྱས་པས་གནམ་ས་གས་པའི་སྒྲ་དང་བཅས་ཚག་ཚག་འབར་བཞིན་པའི་སྦི་སྡི་དུམ་བུ་གཉིས་སུ་ཆད་པ་དེ་ཇི་འདྲའི་རྫིག་པ་ལ།

    བརྙན་ཟློས་དེ་ལས་དྲ་གྲོགས་མང་པོ་ཞིག་གིས་ཟླ་བ་སྒྲོལ་དཀར་ཞེས་པའི་གངས་ལྗོངས་ས་མཐོའི་མོ་གཞོན་དེ་ངོ་ཤེས་པ་རེད།

    ལག་ཏུ་འུར་ཆ་ཐོགས་པའི་བོད་རིགས་བུ་མོ་ཞིག་ནས་ཕུལ་དུ་བྱུང་བའི་བུད་མེད་དམིགས་བསལ་དམག་འཐབ་རུ་མི་ཞིག་ཏུ་འཚར་ལོངས་བྱུང་ཞིང་། ཡང་དེ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བའི་བར། ཟླ་བ་སྒྲོལ་དཀར་གྱིས“ངས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་ཞིག་གཏོད་ངེས་ཡིན”ཞེས་བརྗོད།

    ཟླ་བ་སྒྲོལ་དཀར་ནི་བོད་ལྗོངས་གོང་དཀར་རྫོང་ནས་ཡིན་ཞིང་། ཆུང་དུས་ཡུལ་དམག་བྱེད་མྱོང་བའི་ཨ་ཕས་ཁོ་མོ་དང་གཅེན་པོ་གཅེན་མོ་ཚོར་རྒྱུན་དུ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་གཏམ་རྒྱུད་གླེང་གི་ཡོད།

    “དམག་མི་བྱེད་པར་ངེས་པར་དུ་དམིགས་བསལ་གྱི་འཇོན་ཐང་ཞིག་དགོས་ཀྱི་རེད”ཅེས་དམག་ཁོངས་སུ་ཞུགས་རྒྱུ་དེ་བོད་རིགས་བུ་མོ་དེ་ལ་མཚོན་ན། རྒྱང་རིང་གི་གངས་རིའི་མུ་ཁྱུད་ཇི་བཞིན་ངོ་མཚར་ཆེ་ལ་ཡིད་སྨོན་ཤོར་བ་ཞིག་རེད།

    འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་ཐོན་རྗེས། ཟླ་བ་སྒྲོལ་དཀར་གྱིས་དམག་ཞུགས་མིང་ཐོ་བཀོད། དམག་ཞུགས་བརྡ་ཐོ་འབྱོར་སྐབས་ཟླ་བ་སྒྲོལ་དཀར་གྱིས་རི་འགོར་ལུག་འཚོ་བཞིན་ཡོད་ཀྱང་། “ང་དམག་མི་བྱེད་པར་འགྲོ་གི་ཡིན”ཞེས་བརྗོད་དེ་འཕྲལ་མ་ཉིད་དུ་རི་འདབས་སུ་རྒྱུག

    ཡིན་ན་ཡང་། ཁོ་མོས་རྒྱ་སྐད་ཡག་པོ་མི་ཤེས་པའི་རྐྱེན་གྱིས། རུ་སྒྲིག་སྦྱོང་བརྡར་དང་སློབ་ཚན་ཚོགས་སྐབས་ཁོ་མོར་དཀའ་ངལ་མང་པོ་འཕྲད།

    རྒྱ་སྐད་ཀྱི་སྒྲ་འདོན་སྟངས་སྦྱོང་ཆེད། ཁོ་མོས་ཉིན་མོར་འཐབ་གྲོགས་ཚོ་དང་རྒྱ་སྐད་བཤད་དེ་སྦྱོང་བརྡར་བྱས་པ་དང་དགོང་མོ་མེ་ལོང་ལ་བལྟས་ནས་རང་སྦྱོང་བྱས། རྒྱ་ཡིག་སྦྱོང་ཆེད་ཁོ་མོས་ཡིག་གཟུགས་གི་དེབ་བཅུ་གྲངས་ཤིག་སྦྱངས། རྒྱ་སྐད་སྤེལ་རེས་སྦྱོང་ཆེད་ཁོ་མོས་ནམ་རྒྱུན་ཆིག་ལབ་བརྒྱབ་ནས་གྲངས་མེད་སྦྱངས།

    དམག་གསར་སྦྱོང་བརྡར་མཇུག་འགྲིལ་སྐབས། ཟླ་བ་སྒྲོལ་དཀར་གྱིས་རྒྱ་སྐད་བཤད་ནས་འཐབ་གྲོགས་ཚོ་དང་སྤེལ་རེས་བྱེད་ཐུབ་ཀྱི་ཡོད་པ་རེད།

    ག་ས་གང་དུ་འགྲན་སློང་མང་པོ་འཕྲད་ཀྱང་། ཟླ་བ་སྒྲོལ་དཀར་གྱིས་ཡིད་ཆེས་ལ་བརྟེན་ནས་འགྲན་སློང་དེ་དག་ལས་རྣམ་པར་རྒྱལ།

    ལོ་དེར། སྤྱི་ཁྱབ་རུ་ཁག་གིས་བུད་མེད་དམིགས་བསལ་ཉེན་རྟོག་རུ་ཁག་འཛུགས་རྒྱུའི་འཆར་འགོད་བྱས་པར། ཟླ་བ་སྒྲོལ་དཀར་གྱིས་ཐེ་ཚོམ་སྤུ་ཙམ་མེད་པར་མིང་ཐོ་བཀོད། མ་གཞི་ཁོ་མོ་ལྐོག་མདའ་འཕེན་མཁན་ཞིག་བྱེད་འདོད་ཡོད་པ་རེད།

    ད་ཆ་མེ་མདའ་ལྐོག་འཕེན་སྦྱོང་ཚན་ཁྲོད“མདེའུ་ལྔ་ཚང་མ་ཨི་ཁུང་གཅིག་ནང་འཕེན་པའི”གཡུར་ཟའི་གྲུབ་འབྲས་ཐོབ་མཁན་ཟླ་བ་སྒྲོལ་དཀར་ནི། སྔོན་ཆད་མཐིལ་རྟོགས་དཔྱད་ཞིབ་ཐེངས་ཤིག་སྐབས་རུ་མི་ཚང་མའི་ཁྲོད་ཀྱི་འབེན་ལ་མ་ཕོག་མཁན་གཅིག་པུ་དེ་ཡིན་པ་སུ་ཞིག་གིས་ཡིད་ལ་འཁོར་ནུས།

    “རྨང་གཞི་ཞན་པས་ངས་འབད་བརྩོན་ལྡབ་འགྱུར་བྱས་པ་ཡིན”ཞེས་ཟླ་བ་སྒྲོལ་དཀར་གྱིས་བརྗོད།

    མེ་མདའ་འཕེན་རྩལ་བྱང་པོ་ཡོང་ཆེད། ཁོ་མོས་འབེན་གྱི་དཀྱིལ་དུ་ཆེ་ཆུང་མདེའུ་ཡི་ཚངས་ཐིག་དང་འདྲ་བའི་སྒོར་དབྱིབས་ཤིག་བྲིས་པ་དེའི་ལྟེ་བར་ཕོག་ཅི་ཐུབ་བྱས། བསུན་སྣང་མེད་པར་ངང་རྒྱུད་རིང་བའི་གཤིས་ཀ་ཞིག་ཆགས་ཆེད། ཁོ་མོས་ཁབ་ཀྱི་རྩེ་མོས་འབྲས་ལ་ཨི་ཁུང་བརྟོལ་ཏེ་སྦྱོང་བརྡར་བྱས་པས་མཛུབ་མོ་བཅུ་པོར་རྨ་མང་པོ་བཟོས་ཡོད་པ་རེད།

    བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་སྟབས་ཁོ་མོའི་རྩལ་ནུས་ཡག་ཏུ་ཕྱིན་ནས་ཐུང་མདའ་དང་། རིང་མདའ། ལྐོག་མདའ་སོགས་མེ་མདའ་སྣ་ཚོགས་འཕེན་མཁན་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཡོད། སྨི་ཆིག་སྟོང་གི་རྒྱང་ཐག་ཧ་ཅང་རིང་བའི་ལྐོག་འཕེན་མེ་མདའ་སྦྱོང་བརྡར་སྐབས་སུ་ཡང་ཏག་ཏག་འབེན་ལ་རྒྱག་ཐུབ།

    དམག་དཔུང་དུ་ཞུགས་པའི་ལོ་བཞི་པར་ཟླ་བ་སྒྲོལ་དཀར་བཅུ་དཔོན་དུ་བསྐོས། དེ་ནས་བཟུང་ཁོ་མོས་རང་ཉིད་སྟོབས་ལྡན་ཞིག་བྱེད་དགོས་པ་མ་ཟད། ད་དུང་འཛིན་གྲྭ་ཡོངས་ཀྱི་སྣེ་ཁྲིད་དེ་ཚང་མ་སྟོབས་ལྡན་དུ་འགྱུར་དགོས་པ་ཤེས།

    ད་ཆ་ཟླ་བ་སྒྲོལ་དཀར་སྤེལ་རེས་བྱེད་སྒོར་གདན་འདྲེན་ཞུ་མཁན་ཡང་མང་པོ་ཡོད་ཅིང་། གལ་སྲིད་དུས་ཚོད་ཡོད་ཚེ་ཁོ་མོས་ཞུགས་གང་ཐུབ་བྱེད་ཀྱི་ཡོད། ཁོ་མོས“ངས་གཅེན་གཅུང་དེ་བས་མང་པོར་སྟོབས་ཤུགས་སྦྱིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཟླ་བ་སྒྲོལ་དཀར་ནི་གྲོང་ཚོ་དེའི་དམག་མི་དང་པོ་རེད། ཁོ་མོས་གལ་སྲིད་ཏང་གིས་གྲངས་ཉུང་མི་རིགས་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་མེད་ཚེ། དམག་ལྭ་གྱོན་ནས་དམག་མི་བྱེད་པའི་དམག་ཞུགས་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ཡོད་མི་སྲིད་ལ་ད་ཆའི་རང་ཉིད་ཀྱང་ཡོད་མི་སྲིད་ཅེས་བརྗོད།

    ད་ཆ་ཟླ་བ་སྒྲོལ་དཀར་གྱི་གཅེན་པོ་དང་གཅེན་མོ་གཉིས་ཀར་ལས་ཀ་བརྟན་པོ་རག་ཡོད། ཕ་མ་གཉིས་ཀར་ཡང་ཞིང་ཁ་འདེབས་པ་དང་ནོར་ལུག་འཚོས་པའི་ཡོང་འབབ་ཕུད། ད་དུང་སྲིད་གཞུང་གིས་སྤྲད་པའི་ཟླ་རེའི་རྒན་གསོའི་དངུལ་ཡང་ཡོད་པ་རེད།

    མི་རིང་བའི་གོང་ཕ་བུ་གཉིས་ཀས་གྲོས་བསྡུར་བྱས་ནས་འབྲས་རྩ་རས་100ཉོས་རྗེས་ཨ་ཕས་རླངས་འཁོར་ནང་བླུགས་ནས་གྲོང་ཚོ་དེའི་མི་ཧྲེང་རྒན་རྒོན་ཚང་མར་སྤྲད།

    ཟླ་བ་སྒྲོལ་དཀར་གྱིས་གུང་གསེང་སྐབས་ཕ་ཡུལ་གྱི་ཤང་གྲོང་སློབ་ཆུང་དུ་བསྐྱོད་ནས་སློབ་ཕྲུག་ཚོར་དཔེ་ཁུག་དང་ཡིག་ཆས་སྤྲོད་ཀྱི་ཡོད་པ་མ་ཟད། ད་དུང་དམག་སྒར་ནང་གི་གཏམ་རྒྱུད་དང་ས་མཐོའི་ཕྱི་རོལ་གྱི་གཏམ་རྒྱུད་ཤོད་ཀྱི་ཡོད་པ་རེད།

    2022ལོར་ཟླ་བ་སྒྲོལ་དཀར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་པས། རང་ཉིད་ཀྱི་ཕྲག་ཐོག་གི་ཁུར་པོ་སྔར་བས་ལྕི་རུ་ཕྱིན་སོང་སྙམ་པ་དང་ཆབས་ཅིག“མི་དེ་བས་མང་པོར་རོགས་རམ་བྱེད་པའི་འགན་འཁྲི་དང་ནུས་པ་ཡོད”ཅེས་དགའ་སྤྲོ་ཡང་སྐྱེས་པ་རེད།

    “སྦྱོང་བརྡར་ར་བའི་ནང་ང་ལ་ཡིད་ཆེས་དང་གདེང་ཚོད་ཀྱིས་ཁེངས། དེ་ག་ནི་ངར་རྒྱུས་ཆེ་ཤོས་ཀྱི་ས་ཆ་ཡིན་པས། དེ་གར་སླེབས་ཚེ་ང་རང་སྐྱིད་པོ་འདུག”

    སྐལ་བཟང་མེ་ཏོག་ནི་བོད་རིགས་མི་དམངས་ཀྱིས་བདེ་སྐྱིད་དང་བཀྲ་ཤིས་ཡོང་བར་རེ་སྒུག་བྱེད་པའི་མཚོན་རྟགས་ཤིག་རེད།

    ཟླ་བ་སྒྲོལ་དཀར་གྱི་སྐད་འཕྲིན་ངོ་པར་ལ་མི་རིགས་ཀྱི་གཟབ་མཆོར་སྤྲས་ཏེ་འཛུམ་འཚེར་འཚེར་ངང་སྐལ་བཟང་མེ་ཏོག་ཅིག་བཟུང་བའི་བོད་རིགས་བུ་མོ་ཞིག་བཞག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།