དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཕྱི་འདྲེན་བྱེད་ཁོངས་ཞིང་ཆེན་16བར་རྒྱ་སྐྱེད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-05

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་30ཉིན་ཀུང་སི་དེས་གློག་ཤུགས་བགྲོད་ལམ་མང་པོ་ལས་བརྒལ་བ་དང་ཁྱབ་ཁོངས་ཆེ་བའི་ངང་རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲའི་གཉེར་སྐྱོང་ས་ཁོངས་ལས་བརྒལ་བའི་ལྗང་མདོག་གློག་ཤུགས་ཀྱི་ཉོ་ཚོང་སྟེ་རྒྱལ་ཡོངས་ཀྱི་ཐེངས་དང་པོ་དང་མཚོ་སྔོན་གྱི་ཐོག་མ་ལེགས་སྒྲུབ་བྱས་ནས་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་སྤྱི་ལེ་2500ཡི་ཀོང་ཏུང་དུ་ཐེངས་དང་པོར་བཏང་ཡོད། དེ་ནས་བཟུང་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཕྱི་འདྲེན་བྱེད་ཁོངས་པེ་ཅིང་དང་། ཧྲང་ཧའེ། ཧོ་ནན་སོགས་ཀྱི་ཞིང་ཆེན་16བར་རྒྱ་སྐྱེད་བྱུང་བ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་ཉོ་ཚོང་ནི་པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་ཀོང་ཀྲོའུ་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱིས་མཉམ་འབྲེལ་སྒྲིག་འཛུགས་བྱས་ནས་ཧྭ་པེ་དང་། བྱང་ཤར། ནུབ་བྱང་བཅས་ཀྱིས་ཀོང་ཏུང་དུ་འདྲེན་པའི་ལྗང་མདོག་གློག་ཤུགས་ཉོ་ཚོང་ལ་མཉམ་དུ་སྐུལ་འདེད་བཏང་བ་ཞིག་ཡིན། དེའི་ནང་མཚོ་སྔོན་ས་ཁོངས་ཀྱི་ཚོང་འགྲིག་གློག་ཚད་ཆུ་ཚོད་ཆན་ཝ་ཁྲི་8ཟིན་པ་དང་གློག་འདྲེན་དུས་ཡུན་ནི་ཟླ་6ཚེས་13ནས་ཚེས་30ཉིན་བར་རེད། མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་དེ་གཉེར་སྐྱོང་ས་ཁོངས་ལས་ཐེངས་དང་པོར་བརྒལ་ནས་ཀོང་ཏུང་དུ་བཏང་བ་ལས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་བཀོད་སྒྲིག་ལེགས་གཏོང་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།

    ལྗང་མདོག་གློག་ཤུགས་ཀྱི་རིན་ཐང་སྔར་བས་འདོན་སྤེལ་བྱ་ཆེད། མཚོ་སྔོན་གྱིས་ནུས་རྒྱུ་གསར་པའི་གློག་ཚད་ཞིང་ཆེན་རང་སར་འདྲེན་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་དུས་མཚུངས་སུ་ཕྱི་འདྲེན་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཁྱབ་ཁོངས་སྔར་བས་རྒྱ་ཆེ་བའི་ནང་ལྗང་མདོག་གློག་ཤུགས་འདྲེན་སྤྱོད་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་གི་ཡོད་ཅིང་། ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་མཚོ་སྔོན་གློག་དྲས་ནུས་རྒྱུ་གསར་པའི་གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་246.9ཟིན་པ་དེས་གློག་དྲ་ཡོངས་ཀྱི་གློག་འདོན་ཚད་བསྡོམས་འབོར་གྱི་52.1%བཟུང་བ་དང་། རིམ་རྩིས་བརྒྱབ་ན་ཕྱི་འདྲེན་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་124.5ཟིན་པ་དེ་དུས་མཚུངས་ལས་56%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།