དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པར་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ནང་དུ་དྲོ་སྐྱིད་དང་གཅེས་སྐྱོང་ལྷག་ཏུ་མཚོན་ལ། ལྕག་སྐུལ་དང་རེ་བ་ཡང་ཆེན་པོ་གནང་བའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བྱ་སྤྱོད་དངོས་ལ་འགྱུར་བ་དང་རང་འཁྲིའི་ལས་ཀ་དང་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཁྲོད་མཉམ་འདྲེས་ཏན་ཏིག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་འབད་བརྩོན་ཆེན་པོས་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་ལྕག་སྐུལ་གནང་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོར‘མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས’པའི་ལས་འགན་གལ་ཆེན་་སྤྲད་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་མངགས་བཅོལ་ཟབ་མོ་གནང་བ་ཞིག་རེད་ལ། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་བླ་ན་མེད་ཅིང་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་དུས་རབས་ཀྱི་ལས་འགན་ཞིག་ཀྱང་རེད” རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་ཝུའེ་མིང་གིས། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ནས། དེ་དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་སྒོ་ཚང་དུ་གཏོང་བ་དང་དེ་གཞུང་འཁྱོངས་གསར་འབྱེད་ཀྱིས་འཁོར་སྐྱོད་བྱེད་ཀྱི་ཡིན། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་གང་ལེགས་བརྟེན་ནས། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲིམས་སྐྱོང་གི་ལམ་བུར་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བློ་གྲོས་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད།

    རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཐན་ཞང་ཏུང་གིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་ཡིག་ཕྲེང་དང་ཡིག་འབྲུ་ཚང་མའི་ནང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་དང་ཐུགས་རེ་ཟབ་མོ་གནང་ལུགས་འདུས་ཡོད། བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིར་འཕྲོད་བསྟེན་བདེ་ཐང་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དེ་བོད་ཀྱི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་ཏུ་གྱུར་ནས་མི་སེར་གྱི་འཚོ་བར་བདེ་སྐྱིད་ཀྱི་རྨང་གཞི་བཏིང་ཡོད”ཅེས་བརྗོད་པ་དང་། ཁོང་གིས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། བོད་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་དེ་བས་ལེགས་པར་སྒྲུབ་ཐུབ་པ་དང་། བོད་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་བདེ་ཐང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས། གངས་ལྗོངས་ས་མཐོའི་གང་སར་བདེ་སྐྱིད་མེ་ཏོག་རབ་ཏུ་བཞད་པར་བྱེད་ཐུབ་པའི་གདེང་ཚོད་ཡོད་ཅེས་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ནང་བཞག་ནས་འཆར་འགོད་གནང་སྟེ། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བར་ཐུགས་ཁུར་ཟབ་མོ་གནང་བ་དེ་ནི་ང་ཚོར་སྐུལ་ལྕག་གནང་བ་ཞིག་རེད་ལ། ང་ཚོར་ལྕག་འདེབས་གནང་བ་ཞིག་དེ་བས་ཀྱང་རེད” རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། ཚན་རྩལ་གྱིས་ཞིང་པར་རོགས་རམ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་གྲུབ་འབྲས་ལས་ཞིང་འབྲོག་པར་ཕན་པ་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལྷ་འཛིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ཡིག་ནང་བཏོན་གནང་བའི“གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ”དང“དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་པའི་ཐུགས་རེ་ཟབ་མོ་དེ་ནི་ཀ་ལ་གྲོང་ཚོར་མངགས་བཅོལ་གནང་བ་ཞིག་རེད་ལ། ནགས་ཚལ་དང་རྩྭ་ཐང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་ཞིག་དེ་བས་རེད་ཅེས་བརྗོད་ཅིང་། ཁོང་གིས་གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ། རི་སྔོན་ཆུ་དྭངས་དེ་མང་ཚོགས་ཕྱུག་འགྱུར་གྱི་གསེར་རི་དངུལ་རིར་དངོས་སུ་འགྱུར་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཁྱབ་ཁོངས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མ་དངུལ་དེ་བས་མང་བ་སྐྱེ་ཁམས་སྲུང་སྐྱོང་གི་བྱ་གཞག་ནང་གཏོང་རྒྱུའི་ཡིད་དབང་འགུགས་ཐབས་བྱེད་ཀྱི་ཡིན་ཞེས་བརྗོད།

    བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་ཡོན་ཏུང་གིས། “སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ནང‘དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་བཏོན་གནང་བ་དེར་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་། འཕྲིན་གཏོང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་སྡེ་ཚན་ཞིག་ཡིན་པའི་ངོས་ནས་རང་ཉིད་ལ་ཉེ་བའི་ལོ་ཤས་རིང་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་བྱུང་ཞེས་བརྗོད་པ་དང་། ཁོང་གིས་ད་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ལ། 5Gལག་ཁྱེར་སྤྲད་ནས་ལོ་6འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ། ཞིང་འབྲོག་ཁུལ་དུ་5Gདྲ་རྒྱ་གང་མགྱོགས་ཁྱབ་པ། གྲངས་འཛིན་དུས་རབས་ཀྱི་འཚོ་བའི་དགོས་མཁོ་དེ་བས་ལེགས་པར་སྐོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་དམངས་ལ་ཚན་རྩལ་ལས་བྱུང་བའི་འགྱུར་ལྡོག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།