“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོར་གསོན་ཤུགས་ཀྱིས་ཁེངས་པ”
—— ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལཱ་ཞི་ཏེར་བཅར་འདྲི་བྱས་པ།
ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨར་ཤ་ཏེ·ལཱ་ཞི་ཏེས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།“ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་བདེ་བླག་ངང་བཏོད་དེ་རང་ངོས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་ཐབས་ལམ་གྱི་གདམ་ག་དང་ལག་ལེན་གྱི་ཇུས་གཞི་རྒྱ་ཆེར་ཡང་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་བསྣན་ཡོད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ། ཧིན་རྡུ་ཉི་ཞི་ཡར་མྱུར་བགྲོད་ལྕགས་ལམ་དང་པོ་ཅ་དབན་མྱུར་བགྲོད་ལྕགས་ལམ་བསྐྲུན་པ་རེད། ལཱ་ཞི་ཏེས“ཅ་དབན་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་མེ་འཁོར་འཁོར་སྐྱོད་བྱས་ཚུན། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་1000ལྷག་ཙམ་དབོར་བ་དང་ས་གནས་དེ་གའི་གཉེར་སྐྱོང་ཤེས་ལྡན་པ་གསོ་སྐྱོང་གང་ལེགས་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོར་གསོན་ཤུགས་ཀྱིས་ཁེངས་ཤིང་། བསྟུན་མཁས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཡང་ལྡན་པས། ས་ཁུལ་གྱི་ཚོང་དོན་དང་དཔལ་འབྱོར་འཕར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་མཉམ་སྐྲུན་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱས་ཡོད།
ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་ལག་གདང་སྦྲེལ་ནས་ཅ་དབན་མྱུར་བགྲོད་ལྕགས་ལམ་རྒྱུན་མཐུད་འཁོར་སྐྱོད་ཡག་པོ་བྱེད་པ་དང་འབྲེལ། དབུལ་པོ་ཉུང་གཏོང་དང་། སྨན་དང་སྨན་བཅོས། ཞིང་ལས། ཉ་ལས་སོགས་ཁྱབ་ཁོངས་སུ་དམངས་ཕན་ལས་གྲྭ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
མིག་སྔར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0པར་གཞིའི་གྲོས་མོལ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཁར། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)ལས་ཁེ་སྤོགས་མཉམ་སྤྱོད་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ས་ཁོངས་མཉམ་ལས་ཀྱི་རྣམ་པ་གསར་པ་རགས་ཙམ་ཆགས་ཡོད། ལཱ་ཞི་ཏེས“ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང་། ས་ཁོངས་སྒྲོམ་གཞིའི་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར་བྱས་པ་དེས་ས་ཁུལ་དང་རྒྱལ་ཁབ་ཀྱི་ཚོང་དོན་དང་། མ་འཇོག ཡུལ་སྐོར་བཅས་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ། ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་མཉམ་ལས་དམ་ཟབ་བྱས་ཚེ་ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་ཐུབ་པ་མ་ཟད། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཀྱང་འབུལ་ཐུབ”ཅེས་བརྗོད།
ལཱ་ཞི་ཏེས“མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་སོགས་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་སྒྲོམ་གཞིའི་འོག མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།