“ཐུན་མོང་ངོས་འཛིན་རྒྱ་ཁྱབ་ནི་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ཀྱི་རྨང་གཞི་བརྟན་ཤོས་རེད”
— སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཟུར་པ་ཀང་སཱ་ལེ་སིར་བཅར་འདྲི་བྱས་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲང་ཁའེ་ཡོན།
ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཡིན་ཞིང་། “ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་སྒོ་དབྱེའི་ཁྲོམ་ར་དང་། ཕྱོགས་མང་ཚོང་དོན་གྱི་ལམ་སྲོལ་སྒྱུར་བཅོས། ཁོར་ཡུག་སྲུང་སྐྱོང་སོགས་ཐུན་མོང་ཁེ་ཕན་གནས་སར་ཐོག་མཐའ་བར་གསུམ་དུ་བརྩི་གི་ཡོད། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དེ་དག་ནི་ཡོ་ཀྲུང་མཉམ་ལས་ཀྱི་རྨང་གཞི་བརྟན་ཤོས་དེ་རེད ”སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཟུར་པ་དང་ཕ་རི་སི་ཆབ་སྲིད་སློབ་གླིང་རྒྱལ་སྤྱིའི་ལས་དོན་སློབ་གླིང་གི་ཡོན་ཀྲང་ཨ་ལན་ཁྲ·ཀང་སཱ་ལེ་སི་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཕྱི་འབྲེལ་བཙུགས་པའི་ལོ་ངོ་50ཡི་རིང་ཡོ་ཀྲུང་མཉམ་ལས་ཀྱི་རྣམ་པ་ཡག་པོ་མངོན་ནས་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་བརྗོད།
ཀང་སཱ་ལེ་སི་ཡིས་1975ལོར་ཕྱི་འབྲེལ་བཙུགས་ཚུན་ཡོ་ཀྲུང་ཚོང་དོན་མགྱོགས་མྱུར་འཕར་བ་མ་ཟད། ཡོ་ཀྲུང་དབར་ཕན་ཚུན་མ་འཇོག་བྱེད་ཚད་ཀྱང་ཤུགས་ཆེན་འཕར་ཡོད་ཅེས་བརྗོད།
ཀང་སཱ་ལེ་སི་ཡིས་ཡོ་རོབ་བ་མང་པོ་ཀྲུང་གོར་རྒྱུས་མངའ་དེ་ཙམ་མེད། ལྟ་སྟངས་དེ་བསྒྱུར་བའི་རྩ་བ་ནི་འབྲེལ་འདྲིས་མང་དུ་གཏོང་རྒྱུ་དེ་ཡིན་ལ། ལྷག་པར་དུ་ཡོ་ཀྲུང་གི་དམངས་ཚོགས་དང་། ཁེ་ལས། སློབ་མ་བཅས་དབར་གྱི་སྐད་ཆ་ཤོད་རེས་ནི་དེ་བས་གལ་ཆེན་པོ་ཞིག་རེད་ཅེས་བརྗོད། ཁོང་གིས་ཀྲུང་གོས་ཡོ་རོབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་24ལ་ཕྱོགས་རྐྱང་པའི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པར་གདེང་འཇོག་ཡག་པོ་བྱས་ཏེ། དེ་ནི་ཡོ་རོབ་དམངས་ཚོགས་ཀྱིས་ཀྲུང་གོར་ལྟ་སྟངས་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་བརྗོད།
དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ། ཀང་སཱ་ལེ་སི་ཡིས་ཡོ་རོབ་མནའ་འབྲེལ་ཨུ་ལྷན་དུ་འགན་འཁུར་རིང་ཀྲུང་གོར་ཐེངས་དང་པོ་ཡོང་ནས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་གྲོས་མོལ་ནང་ཞུགས་པ་དང་། ཁོང་གིས“ངས་ཀྲུང་གོ་འཛམ་གླིང་དཔལ་འབྱོར་ནང་ཞུགས་འདོད་ཀྱི་འདུན་པ་ཆེན་པོ་ཚོར་བྱུང”ཞེས་བཤད། དེ་རྗེས་ཀང་སཱ་ལེ་སི་ཀྲུང་གོར་ཐེངས་མང་ཡོང་ནས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད། ཀང་སཱ་ལེ་སི་ཡིས“ཀྲུང་གོ་མི་དམངས་ཀྱིས་དེང་རབས་ཅན་ལ་སྐུལ་འདེད་དང་གོང་འཕེལ་དར་རྒྱས་དོན་གཉེར་བྱེད་པའི་བློ་སྟོབས་ཆེན་པོས་ངར་བག་ཆགས་ཟབ་མོ་བཞག་བྱུང། བློ་སྟོབས་དེ་དང་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་མཉམ་འབྲེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བརྗོད།