ཀོང་ཤིས་ནན་ཉིང་ནས་ལོ་སིའི་ཝན་ཐེན་བར་གྱི་རྒྱལ་མཚམས་སྒྲོལ་བའི་ཟོག་འདྲེན་མེ་འཁོར་གཏོང་འགོ་ཚུགས་པ།
འདི་ནི་ཉིན་དེར་ཀོང་ཤིས་ནན་ཉིང་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་ག་ལེར་ཐོན་བཞིན་པའི་ཟོག་འདྲེན་མེ་འཁོར་ཡིན་པ།
གསར་འགོད་པར་རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་10དང་སྐར་མ་30ལ་རྫས་ལུད་ཏུན་130བླུགས་པའི་ཟོག་འདྲེན་མེ་འཁོར་ཞིག་ཀོང་ཤིས་ནན་ཉིང་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་ག་ལེར་ཐོན་པ་དང་། ནན་ཉིང་ནས་ཁུན་མིང་བར་གྱི་ལྕགས་ལམ་བརྒྱུད་ཡུན་ནན་ཁུན་མིང་དུ་བརྒྱུད་སྐྱེལ་བྱས་རྗེས། དངོས་ཟོག་དེ་དག་ཁུན་མིང་གྲོང་ཁྱེར་ཝང་ཅ་ཡིང་ནུབ་ཚུགས་ནས་མོ་ཧན་མཐའ་མཚམས་ཀྲུང་གོ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་དང་སྦྲེལ་ཞིང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་བརྒྱུད་ལོ་སིའི་ཝན་ཐེན་དུ་གཏོང་འདྲེན་བྱས་པ་རེད། དེའི་ལམ་ཐག་ཧྲིལ་པོའི་སྐྱེལ་འདྲེན་དུས་ཚོད་ཐུང་དུ་ཤུགས་ཆེན་ཕྱིན་པ་མ་ཟད། ཀོང་ཤིས་ཀྱི་དངོས་ཟོག་ལོ་སི་སོགས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་པར་སྟབས་བདེ་ལ་མྱུར་བའི་སྐྱེལ་འདྲེན་གྱི་འགན་ལེན་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ཀྱིས་ཀོང་ཤིས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྐམ་མཚོ་འབྲེལ་མཐུད་ཀྱི་ཡུལ་བབ་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་སྐྱེལ་འདྲེན་འཕེལ་རྒྱས་ཧུར་ཐག་བཏང་བས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་དང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་དུས་གཏན་མེ་འཁོར་སོགས་ཀྱི་སྐྱེལ་འདྲེན་བྱེད་ཚད་མང་དུ་ཕྱིན་ནས། “གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་ཆེ་རུ་ཕྱིན་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་བསྣན་ཡོད།