2025ལོའི་ཀྲུང་རི་ཧན་གསུམ་མཉམ་ལས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་གཉེར་བ།
2025ལོའི་ཀྲུང་རི་ཧན་གསུམ་མཉམ་ལས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་ཟླ་7ཚེས་1ཉིན་རི་པིན་གྱི་ཐོ་ཁེའོ་རུ་གཉེར་བ་དང་དེའི་བརྗོད་དོན་གཙོ་བོ་ནི“ཐུན་མོང་ཐོག་འབྱུང་འགྱུར་གཏོད། གོ་ལ་ཧྲིལ་པོའི་འགྱུར་ལྡོག་འོག་གི་ཀྲུང་རི་ཧན་གསུམ་གྱི་མཉམ་ལས”ཞེས་པ་ཡིན་ལ། ས་གནས་ས་ཐོག་གི་སྐུ་མགྲོན་200ལྷག་ཙམ་དང་དེ་བཞིན་དྲ་ཐོག་གི་ལྟད་མོ་བ་བརྒྱ་ཕྲག་ཁ་ཤས་གླེང་སྟེགས་ལ་ཞུགས་པ་རེད།
སྐབས་འདིའི་གླེང་སྟེགས་ལ་ཡན་ལག་གླེང་སྟེགས་གཉིས་བཙུགས་ཡོད། ཡན་ལག་གླེང་སྟེགས་དང་པོའི་བརྗོད་དོན་གཙོ་བོ་ནི“ས་ཁོངས་འབྲེལ་མཐུད་བསྐྱར་གསོ། རྒྱལ་ཁབ་གསུམ་གྱི་མཉམ་ལས་ལམ་ལུགས་ཅན་གྱིས་ཨེ་ཤེ་ཡ་བྱང་ཤར་གྱི་བརྟན་ལྷིང་དང་ཞི་བདེར་སྐུལ་འདེད་གཏོང་དགོས”ཞེས་པ་ཡིན་ཞིང་། ཀྲུང་རི་ཧན་གསུམ་གྱིས་འཐབ་ཇུས་དང་ལམ་ལུགས་ཐད་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐབས་ལམ་དང་ལམ་སྲོལ་ལ་དམིགས་ཡོད། ཡན་ལག་གླེང་སྟེགས་གཉིས་པའི་བརྗོད་དོན་གཙོ་བོ་ནི“བསྟུན་མཁས་རང་བཞིན་འཕར་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་བཅག་ནས་ཨེ་ཤེ་ཡ་བྱང་ཤར་ལ་ཞི་བདེ་ཡོང་བར་བྱེད་དགོས”ཞེས་པ་ཡིན་ཞིང་། རྒན་རྒོན་ཧ་ཅང་མང་བའི་སྤྱི་ཚོགས་དང་། གནམ་གཤིས་ཀྱི་ཉམས་ཉེན། ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་བཅས་དང་དེ་བཞིན་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རྒྱབ་ལྗོངས་འོག་བསྟུན་མཁས་རང་བཞིན་འཕར་བའི་ཐབས་ལམ་ལ་དཔྱད་བསྡུར་བྱས་པ་རེད།
ཀྲུང་རི་ཧན་གསུམ་མཉམ་ལས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་ནི་ཀྲུང་རི་ཧན་གསུམ་མཉམ་ལས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལོ་འཁོར་གྱི་བྱེད་སྒོ་གཙོ་བོ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གསུམ་པོའི་སྲིད་གཞུང་དང་། རིག་གཞུང་། ཁེ་ལས། སྨྱན་སྦྱོར་སོགས་ལས་རིགས་ཁག་དབར་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་མཁོ་འདོན་བྱས་ནས་རྒྱལ་ཁབ་གསུམ་པོའི་ཆབ་སྲིད་འབྲེལ་བ་དང་། དཔལ་འབྱོར་མཉམ་ལས། སྤྱི་ཚོགས་རིག་གནས་སྤེལ་རེས་བཅས་ཀྱི་གྲོས་གཞིར་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་དེ་རེད།