“ཀྲུང་གོའི་ཁེ་ལས་ཀྱི་ལྡུམ་རའི་ལག་རྩལ་ཐོན་རྫས་ལ་ཡོ་རོབ་ཀྱི་ཁྲོམ་ར་ནས་དགའ་བསུ་ཐོབ་ཚད་ཆེ་རུ་འགྲོ་བཞིན་ཡོད”
འདི་ནི་ཕྱི་རྒྱལ་གྱི་ཚོང་པས་ལྡུམ་རའི་ལག་རྩལ་འགྲེམས་ཚོགས་སུ་ཀྲུང་གོའི་ཁེ་ལས་ཀྱིས་བཟོས་པའི་ཐཱན་ཉུང་ཅན་དང་རིག་ནུས་ཅན་གྱི་རྩྭ་འབྲེག་འཕྲུལ་མིར་ལྟ་སྐོར་དང་བགྲོ་གླེང་བྱེད་བཞིན་པ།
ལྡུམ་རའི་ལག་རྩལ་ནི་གྲོང་ཁྱེར་གྱི་སྐྱེ་ཁམས་དང་རིག་གནས་ཀྱི་གསོན་ཉམས་ལྡན་པའི་མངོན་སྟངས་ཤིག་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་ཡུལ་མིའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད། སྐབས་འདིའི་ཁོ་ལོང་རྒྱལ་སྤྱིའི་ལྡུམ་རའི་ལག་རྩལ་འགྲེམས་ཚོགས་ཀྱིས“མེ་ཏོག་ལྡུམ་རའི་ཇུས་འགོད”བརྗོད་དོན་གཙོ་བོར་བྱས་ནས་འགྲེམས་ཞུགས་ཚོང་དུད་1600ལྷག་ཙམ་གྱི་ཡིད་དབང་བཀུག་ནས་འགྲེམས་སྟོན་ནང་ཞུགས་ཤིང་། ཕྱི་རོལ་གྱི་ཁྱིམ་ཆས་དང་། ལྡུམ་རའི་ལག་རྩལ་གྱི་ལྷུ་ལག ལྡུམ་རའི་ཡོ་བྱད་སོགས་ཐོན་རྫས་གསར་པ་དང་ཇུས་གཞི་གསར་པ་མཉམ་དུ་འགྲེམས་སྟོན་བྱས་ཏེ་མེ་ཏོག་ལྡུམ་རའི་འཚོ་བའི་ཇུས་འགོད་འཕེལ་ཕྱོགས་དང་གསར་གཏོད་ཀྱི་བློ་སྒོ་གསར་པ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་རེད།
ད་རེས་འགྲེམས་སྟོན་ནང་ཞུགས་པའི་ཀྲུང་གོའི་ཁེ་ལས་900ལྷག་ཙམ་ཡོད་པ་དེས་བསྡུར་ཚད་ཀྱི་ཕྱེད་ཀ་ལྷག་ཙམ་ཟིན་ཞིང་། ལྗང་མདོག་ཇུས་འགོད་དང་རྒྱུན་མཐུད་ཆོག་པའི་རྒྱུ་ཆ་བེད་སྤྱོད་སོགས་ལྡུམ་རའི་ལག་རྩལ་ཐོན་ལས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཁེ་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་གསར་ཤོས་མངོན་ཡོད། ཧྥོ་ཧྲན་མེ་ཡ་ཤིན་ཁྱིམ་ཆས་འགྲེམས་སྟེགས་སུ་བཤམས་པའི་རང་བྱུང་ཤིང་མདོག་གི་རྒྱུག་ཁྲ་ཚར་དུ་དངར་བ་དང་། ཕྱི་རོལ་གྱི་འབོལ་ཁྲི་སྐྱ་བོ་བབ་ཆགས་ལ་གནའ་ཉམས་དོད་པ་ཞིག་ཡོད། ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་ཞུང་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སིས་ཁང་པའི་ཕྱི་ནང་གཉིས་ཀར་སྤྱོད་ཆོག་པའི་ཧྥུལ་མེད་པའི་ཁོར་ཡུག་སྲུང་སྐྱོང་གི་རས་ཆའི་ཁྱིམ་ཆས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད་པ་རེད།
ཁོ་ལོང་འགྲེམས་སྟོན་ཚོགས་པ་དོ་དམ་པུའི་ཙུང་ཚའེ་གཞོན་པ་སའེ་པ་སི་ཏི་ཨན·ལུའོ་ཤིས་ཐུའོ་ཡིས། ཁོ་ལོང་རྒྱལ་སྤྱིའི་ལྡུམ་རའི་ལག་རྩལ་འགྲེམས་ཚོགས་ཀྱིས་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཁེ་ལས་མང་པོ་འགྲེམས་ཚོགས་སུ་ཞུགས་ཏེ་ལྡུམ་རའི་ལག་རྩལ་འགྲེམས་ཚོགས་ལ་སྤུས་ཚད་མཐོ་བའི་ཐོན་རྫས་དང་གསར་གཏོད་འདུ་ཤེས་ཁྱེར་ཡོང་བར་ཚུར་སྣང་ལན་ཆ་ཧ་ཅང་ཡག་པོ་བྱུང་ཡོད་ཅེས་བརྗོད་པ་རེད།