སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཉིན་ཤས་བསྟུད་མར། གཙང་གསུམ་རྒྱུག་ཁུལ་ནས་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་བར་དང་། ཡར་ཀླུང་གཙང་འགྲམ་ནས་ཡར་ལྷ་ཤམ་ཆུའི་ལུང་གཞུང་བར། བྱང་རྩྭ་ཐང་ནས་ཇོ་མོ་གླང་མའི་འདབས་རོལ་བར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པའི་གཏམ་བཟང་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་གང་སར་ཁྱབ་ནས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་། སེམས་མཐུན་ལག་གདང་སྦྲེལ་ཏེ་ཐུན་མོང་ཐོག་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐེབས་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དངོས་སྒྲུབ་ཐེག་པ་ཁུར་ལེན་ལ་འགྱུར་བ་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད།
“2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ཀ་ལ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་སྐབས‘འདི་ག་ནི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷུག་པོར་བཞད་པའི་ས་ཆ་ཞིག་རེད’ཅེས་གསུངས་ཡོད། ཐའེ་ཀྲའོ་གྲོང་ཚོ་ནི་མི་རིགས་མཐུན་སྒྲིལ་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་སྔོན་སྐྱོད་པ་དང་དཔེ་དམག་ཡིན་པས། ང་ཚོར་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པ་ཚོར་གྱི་འདུག་ལ། གདེང་ཚོད་ཀྱང་དེ་བས་བརྟན་པོ་ཡོད”ཅེས་ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲའོ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་ལས་དོན་རུ་ཁག་གི་རུ་དཔོན་ཀ་ཡུན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་དེ་ལྟར་བཤད་པ་དང་། ཁོང་གིས་ང་ཚོས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་བཏོན་ཏེ། རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཆེད་དོན་འགྲེམས་ཁང་ལ་བརྟེན་ནས་ཐའེ་ཀྲའོ་ཡི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་འཕེལ་རྒྱས་འགྱུར་ལྡོག་གི་གཏམ་རྒྱུད་ཡག་པོ་བཤད་དེ“མོས་སེམས་ལྔ”ཟབ་ཏུ་གཏོང་གི་ཡིན། གྲོང་ཁྱེར་རིམ་པའི་གཞི་རིམ་བཅོས་སྐྱོང་གི་དཔེ་སྟོན་ས་ཚིགས་གཏོད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཐའེ་ཀྲའོ་གྲོང་ཚོའི་བརྟན་ལྷིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་རྒྱུན་མཐུད་སྲ་བརྟན་ཡག་པོ་བཏང་སྟེ་ཐའེ་ཀྲའོ་རླངས་འཁོར་བོགས་གཏོང་ཞབས་ཞུ་ཀུང་སི་དང་། སྣམ་བུ་ལས་སྣོན་བཟོ་གྲྭ མཉམ་སྡེབ་ཀྱི་ཚོང་ཁང་བོགས་གཏོང་སོགས་ད་ཡོད་ཀྱི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་དུས་མཚུངས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་ཡག་པོ་བྱས་ཏེ་གསར་བརྗེའི་ཡུལ་སྐོར་དམིགས་ས་བཏོད་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཏན་ཏིག་གཏོང་གི་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་ཕུར་བུ་སྒྲོལ་དཀར་དང་ཡཱང་ཅན་གཉིས་ཀྱི་ཁྱིམ་ལ“ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁྱིམ་ཚང”ཞེས་པའི་གཟི་བརྗིད་མཚན་སྙན་ཐེངས་གཉིས་བསྟུད་མར་ཐོབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པའི་སྐོར་གླེང་སྐབས་ཕུར་བུ་སྒྲོལ་དཀར་གྱིས་གསར་འགོད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ནི་ངའི་ཁྱིམ་ཚང་ཆུང་ཆུང་འདིའི་འཚོ་བ་ནས་གསལ་པོར་མཚོན་ཐུབ་པ་སྟེ། ཇ་སྲུབ་མའི་བྲོ་བ་དང་སི་ཁྲོན་ཚལ་གྱི་བྲོ་བ་ཞིམ་པོ་མཉམ་འདྲེས་བྱུང་བ་དང་། མི་རིགས་མི་འདྲ་བའི་ལས་མི་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་ཀྱི་ཡོད་པས་འབད་འཐབ་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བ་དང་བདེ་སྐྱིད་ཀྱི་བྲོ་བ་ཇི་ཙམ་མྱངས་པ་དེ་ཙམ་གྱིས་ཞིམ་དུ་འགྲོ་བ་དེ་རེད། ང་ཚོས་གཟི་བརྗིད་དང་འགན་འཁྲི་དེ་ཕྲག་ཏུ་འཁུར་ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་དང་འབྲེལ་ཐག་མུ་མཐུད་ཡག་པོ་བཅིངས་ཏེ་མི་སྔར་ལས་མང་བས་མི་རིགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་སྟོབས་ཤུགས་དངོས་འབྲེལ་ཚོར་ཐུབ་པ་བྱེད་ངེས་རེད་ཅེས་བཤད།
གཞིས་རྩེའི་མྱང་ཆུ་གཙང་པོའི་འགྲམ་གྱི་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་སྟག་རི་གྲོང་ཚོར་འབྲུ་འདེབས་དུད་ཆེན་བསོད་ནམས་ཚེ་རིང་ཞིང་ཁར་ཆུ་གཏོང་བར་བྲེལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པའི་སྐོར་གླེང་སྐབས་བསོད་ནམས་ཚེ་རིང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། ཁོང་གིས་2024ལོར་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་དང་ཚད་གཞི་མཐོ་བའི་ཞིང་ཁ་འདེབས་འཛུགས་སོགས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་པས་ནས་བཏབ་པ་ཁོ་ནས་ངེད་ཚང་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་། སྲིད་ཇུས་ཡག་པོ་འདི་འདྲའི་རྒྱབ་སྐྱོར་ཡོད་པས་ངས་ངེས་པར་དུ་མུ་མཐུད་དེ་ས་ཞིང་ཡག་པོ་བཏབ་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་ཀྱི་ཡིན”ཞེས་གདེང་ཚོད་ཆེན་པོས་བཤད།
ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་གླིང་མདའ་ཤང་ཀུན་ཁམས་གྲོང་ཚོ་ནི་རྒྱ་རིགས་དང་། བོད་རིགས། ཧོར་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོའི་མང་ཚོགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན། 2024ལོར་གྲོང་ཚོ་དེར“རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཚོའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། ཀུན་ཁམས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོས“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་གནང་གི་ཡོད་པ་ང་ཚོས་ཟབ་མོ་ཚོར་བྱུང་། ང་ཚོས་ངེས་པར་དུ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་མི་རིགས་ཁག་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ལྟ་སྐྱོང་། ལག་གདང་སྦྲེལ་ནས་མཉམ་དུ་འབད་འཐབ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་མེ་ཏོག་མཉམ་བཞད་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། གནས་འཕྲོད་ལས་འཚམ་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ་ནུས་ཤུགས་ཡོད་རྒུས་བསྐྲུན་གྱི་ཡིན”ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་སློབ་སྦྱོང་བྱས་རྗེས། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འཁོར་མང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཁྲེན་ཞང་ཝེ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ནང‘དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས’ཞེས་གསུངས་པ་དེས་ང་ཚོར་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་བཤད་པ་དང་། ཁོང་གིས་འཁོར་མང་ཤང་གིས་མུ་མཐུད“ལོ་རེར་རྣམ་པ་གསར་པ་རེ་དང་ལོ་གསུམ་ལ་འགྱུར་ལྡོག་ཆེན་པོ་ཡོང་བར་བྱེད་པའི”དམིགས་འབེན་གཞིར་བཟུང་། ཐོན་ལས་རྣམ་གྲངས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། མིའི་འཚོ་སྡོད་ཁོར་ཡུག་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། འཁོར་མང་ཤང་འདུས་གྲོང་གི་སྤུས་ཚད་མཐོ་རུ་གཏོང་བར་ངོ་བོའི་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་། སླར་ཡང་ལོ་གསུམ་ནས་ལྔའི་བར་རྒྱུན་མཐུད་འཕེལ་རྒྱས་བཏང་སྟེ་ནག་ཆུའི་ཁྱད་ཆོས་དང་འབྲོག་ཁུལ་གྱི་ཉམས་འགྱུར་ལྡན་པའི་ཞིབ་ལས་ཅན་དང་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་གཞི་རྩའི་ཆར་བསྐྲུན་ཟིན་པ་བྱས་ཏེ“འཁོར་མང་ནས་ནག་ཆུའི་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་མཐོང་ཐུབ་པ”དེ་དོན་དངོས་སུ་འགྱུར་བ་བྱེད་ཀྱི་ཡིན་ཞེས་བཤད།
ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལི་ལིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པའི་གནས་ཚུལ་མཐོང་རྗེས། དེ་མ་ཉིད་དུ་གྲོགས་ཚོམས་སུ་བརྒྱུད་བསྐུར་བྱས་ཏེ་མཉམ་སྤྱོད་བྱས་ཤིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་སློབ་སྦྱོང་བྱས་རྗེས། མི་རིགས་མཐུན་སྒྲིལ་ལས་དོན་ལེགས་པར་བསྒྲུབས་པའི་ངའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང་། གོམ་སྟབས་རྗེས་མར་ང་ཚོས་རྫོང་དང་། ཤང(གྲོང་རྡལ) གྲོང་ཚོ(སྡེ་ཁུལ)བཅས་རིམ་གསུམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་མུ་མཐུད་ནས་རང་འགུལ་ངང་འཆར་འགོད་བྱས་ཏེ། ‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི’འདུ་ཤེས་དེ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་ལ་འགྱུར་བ་བྱེད་ཀྱི་ཡིན”ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་སློབ་སྦྱོང་བྱས་རྗེས། འཚོ་བར་འགྱུར་ལྡོག་ཤུགས་ཆེན་བྱུང་བའི་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་ཁ་གྲོང་ཚོའི་གྲོང་མི་ཚོར་མྱོང་ཚོར་ཟབ་མོ་བྱུང་ཞིང་། ད་ལོའི་ཟླ་གསུམ་པར་སྡོད་ཁང་གསར་པར་སྤོས་པའི་གྲོང་མི་ངག་རྡོར་གྱིས“སྔོན་ཆད་ང་ཚོ་སྡོད་ས་ནི་ས་ཕག་གི་ཁང་པ་ཡིན་པས། ཆར་པ་བབས་རིམ་བཞིན་ཁང་པ་རྡིབ་པ་དང་ཐིགས་པ་བརྒྱབ་པའི་སེམས་ཁྲལ་ཡོང་གི་འདུག ད་ལྟ་སྡོད་ཁང་གསར་པ་ཡག་པོ་འདི་འདྲའི་ནང་སྤོ་ཐུབ་པས་བློ་ཧ་ཅང་བདེ་པོ་འདུག སྤྱི་ཁྱབ་ཧྲུའུ་ཅིས་རྟག་ཏུ་ང་ཚོར་ཐུགས་ཁུར་གནང་གི་ཡོད་པས། ང་ཚོས་ཏང་དང་སྲིད་གཞུང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད་པ་དང་། ཁོང་གིས“གུང་ཁྲན་ཏང་གི་རྗེས་སུ་འབྲང་ན་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་ལྟར་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་ནས་ལུ་མ་མཁར་གྲོང་ཚོ་འདི་ཉིད་འཛུགས་སྐྲུན་དེ་བས་ལེགས་པ་བྱེད་ངེས་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།