དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཁམ་བུའི་མེ་ཏོག་གྲོང་ཚོ”ལ། ལྗང་མདོག་གཡུ་ཡི་གོས་བཟང་བཀླུབས།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོས་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    ཉིང་ཁྲི་གྲོང་ཁུལ་ནས་རྡོག་ཐོན་བྱས་ནས་རྒྱལ་ལམ་318བརྒྱུད་མུ་མཐུད་ལྷོ་ཕྱོགས་སུ་བསྐྱོད་ན་གྲོང་ཁུལ་ནས་སྤྱི་ལེ་དྲུག་བདུན་ཙམ་གྱི་སར་རྒྱབ་ཕྱོགས་རི་ལ་བསྙེས་པ་དང་མདུན་ཕྱོགས་གཙང་པོར་གཏད་ཅིང་། ཁང་བཟང་མཚར་དུ་དངར་བའི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་ཚང་ཚིང་ལྗོན་ཤིང་ཁྲོད་ལྷིང་འཇགས་སུ་གནས་པ་མཐོང་ཐུབ།

    འདི་ནི་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ་ཡིན་ཞིང་། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་སྐབས་འཚམས་འདྲིར་ཕེབས་མྱོང་བའི“ཁམ་བུའི་མེ་ཏོག་གྲོང་ཚོ”རེད།

    ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ་ཚང་མར་གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱས་ནས“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་གཏོད་དགོས་པའི་ལྕག་སྐུལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ལས་ཀ་ལ་གྲོང་ཚོའི་མང་ཚོགས་ཚོ་དགའ་བ་དཔག་མེད་སྐྱེས་པ་དང་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

    “ཁམ་སྡོང་ནི་ཀ་ལ་གྲོང་ཚོའི་ཁྱད་ཆོས་ཆེ་ཤོས་ཡིན་ཞིང་། ཁམ་བུའི་གླིང་སྲུང་སྐྱོང་ཡག་པོ་བྱས་ནས་གྲོང་ཚོར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དང་འབྲས་བུ་བཟང་པོ་ཐོབ་པར་བྱ་རྒྱུ་ནི་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་ཐུན་མོང་གི་བསམ་འདུན་དང་བྱ་སྤྱོད་ཅིག་རེད"ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ལོ་ཤས་རིང་། གྲོང་ཚོར་སྐྱེ་ཁམས་སྲུང་སྐྱོང་བྱེད་ཐབས་དེ་བས་ནན་པོ་ལག་བསྟར་བྱས་ནས། སྐྱེ་ཁམས་ཀྱི་དམར་ཐིག་གཏན་འཁེལ་བྱས་པ་དང་། ཆེད་ལས་ནགས་སྲུང་བའི་དཔུང་ཁག་བཙུགས་པ། ལོ་ལྟར་ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ་བ། ས་གནས་དེ་གར་འཚམ་པའི་ཁམ་སྡོང་འདེབས་པ་བཅས་བྱས་ཏེ“ཁམ་བུའི་མེ་ཏོག་གྲོང་ཚོའི”མཛེས་སྡུག་ལྡན་པའི་རྣམ་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བཞིན་ཡོད།

    “ང་ཚོར་བྱུང་བའི‘ཁམ་བུའི་མེ་ཏོག་གི་ཡོང་འབབ’དང‘ཡུལ་སྐོར་གྱི་ཡོང་འབབ’དག་དོན་དངོས་སུ‘སྐྱེ་ཁམས་ཀྱི་ཡོང་འབབ’རེད”ཅེས་གྲོང་མི་ཚེ་རིང་དབང་རྒྱལ་གྱིས་ཀ་ལ་གྲོང་ཚོ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གཙོ་བོ་དེ་རེད་ཅེས་བརྗོད།

    2024ལོར། ཀ་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་ཟིན་ནས་2021ལོ་ལས་བཅུ་ཆ་བཞི་འཕར་བའི་ནང་ཕྱེད་ཀ་ཡན་ནི་སྐྱེ་ཁམས་ཡུལ་སྐོར་ལས་བྱུང་བ་ཞིག་རེད།

    འོན་ཀྱང་ལོ་ཤས་གོང་། ཀ་ལ་གྲོང་ཚོའི་གྲོང་མིས་གཙོ་བོ་ཤིང་གཅོད་པར་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས་ཡོང་འབབ་ཉུང་བའི་ཁར་ཁོར་ཡུག་ལའང་གཏོར་སྐྱོན་ཆེན་པོ་གཏོང་གི་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། གྲོང་མི་ཚོ་རི་སྟེང་ནས་རི་གཤམ་དུ་སྤོས་པ་དང་ཤིང་གཅོད་ནས་སྡོང་སྲུང་དང་འདེབས་འཛུགས་བྱེད་པར་འགྱུར་བས། གཞི་ནས“ཁམ་བུའི་མེ་ཏོག་གྲོང་ཚོའི”མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་དར་རྒྱས་ཆེ་བའི་ཡུལ་སྐོར་ལས་རིགས་བྱུང་བ་རེད།

    “ད་ཆ་ང་ཚོའི་གྲོང་ཚོར་ཁམ་བུ་ཙམ་མ་ཟད། ད་དུང་སེའུ་དང་། ཀུ་ཤུ། སེ་འབྲུ་སོགས་འབེལ་པོ་ཡོད”ཅེས་ཀ་ལ་གྲོང་ཚོའི་གྲོང་མི་ལྷ་མོ་གཡུ་སྒྲོན་གྱི་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བརྗོད།

    ཁོར་ཡུག་སྔར་བས་ལེགས་སུ་དང་ཡོང་འབབ་དེ་བས་མང་དུ་གཏོང་ཆེད། ཀ་ལ་གྲོང་ཚོས་ལྗང་མདོག་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་ནས། གྲོང་ཚོ་ཡོངས་ཀྱི་མཉམ་སྡེབ་ནས་མ་དངུལ་བཏང་སྟེ་མུའུ་བདུན་ཅུ་བརྒྱད་ཅུ་ཙམ་ཡོད་པའི་ཤིང་ཏོག་ར་བ་བསྐྲུན་ཡོད། ལོ་གོང་མ་ནས་བཟུང་། འབྲས་ཤིང་ལ་གཅིག་རྗེས་གཉིས་མཐུད་ངང་འབྲས་བུ་བཏགས་པ་དང་སེའུ་རྒྱ་མ་རེ་ནས་ཡོང་འབབ་སྒོར་40ནས་45བར་ཡོང་གི་ཡོད།

    ཀ་ལ་གྲོང་ཚོར་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་དེ་སྐྱེ་ཁམས་དཔལ་འབྱོར་ལས་མངོན་པ་མ་ཟད། ལྗང་མདོག་ཤེས་དཔལ་ནས་ཀྱང་མངོན་ཞིང་། 2021ལོར་ཀ་ལ་གྲོང་ཚོས“ལྗང་མདོག་དངུལ་ཁང”བཏོད་པ་དང་། 2022ལོར་ཞིང་ལས་དངུལ་ཁང་དང་འབྲེལ་མཐུད་ཀྱིས“ལྗང་མདོག་དངུལ་ཁང”གི་ཡིད་རྟོན་ཡིག་ཚགས་བཏོན་ཏེ་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཁྲོད“ལྗང་མདོག་འདུས་ཚད”སྔར་བས་མང་དུ་བཏང་ཡོད།

    སྐྱེ་ཁམས་བཟང་པོས་འཚོ་བ་བཟང་པོར་སྣེ་ཁྲིད་བྱེད་ལ། ཡོང་འབབ་ཀྱང་ཡག་པོ་ཡོང་གི་ཡོད་པ་དེ་ནི་ཀ་ལ་གྲོང་ཚོར་ལྗང་མདོག་འཕེལ་རྒྱས་ཡོང་བའི་གདེང་ཚོད་དེ་ཡིན། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ནི་ལམ་སྟོན་སྒྲོན་མེ་ཞིག་དང་འདྲ་བར་ང་ཚོར་འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་སྟོན་གནང་བཞིན་ཡོད། མ་འོངས་པར་ང་ཚོ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་རྒྱུན་བསྲིང་ལྷོད་མེད་ངང་སྐྱེ་ཁམས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་གཏོད་པ་དང་། ཀ་ལ་གྲོང་ཚོའི་རི་བོ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། མེ་ཏོག་དེ་བས་མཛེས་པ། མང་ཚོགས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ། འཛུམ་མདངས་དེ་བས་འཚེར་བ་བཅས་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།