ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོས་ཤིང་བརྐོས་ལག་རྩལ་ལ་བརྟེན་ནས་འཚོ་བ་གསར་པའི་མཛེས་རིས་བརྐོས་པ།
2025ལོར“M”དབྱིབས་དང་འདྲ་བའི་བོད་དུ་སྐྱོད་སའི་འགྲོ་ལམ་ཐུན་མོང་མ་ཡིན་པ་ཞིག་དྲ་རྒྱའི་ཐོག་སྐད་གྲགས་ཆོད།
ཚང་མར་རྒྱུས་མངའ་ཆེ་བའི་རྒྱལ་ལམ“317”དང“318”དང་མི་འདྲ་བར་ལམ་ཐིག་དེ་ནི་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོ་ནས་འགོ་བརྩམས་ཏེ་གོ་འཇོ་རྫོང་བར་དུ་ཀྱག་ཀྱོག་ངང་བསྲིངས་ཡོད། ཡུལ་ལྗོངས་ངོ་མཚར་ཆེ་ལ་འགྲན་སློང་རང་བཞིན་གྱིས་ཁེངས་པའི་བགྲོད་ལམ་གསར་པ་དེ་ལས་བོད་ཤར་གྱི་སྒོ་མོ་གསར་པ་ཡིན་པའི་ཝེ་འཕྲང་གྲོང་ཚོ་སྐད་གྲགས་རབ་ཏུ་ཆོད། གྲོང་ཚོའི་ནང་ཡིད་དབང་འཕྲོག་ཤོས་ཀྱི་མཆོག་ནོར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“སྤོ་ལོའི་ཤིང་བརྐོས”ལས་མ་འདས།
ཤིང་བརྐོས་ནི་ཡུལ་ལུང་དེ་གའི་འཚོ་ཐབས་སྟབས་བདེ་ཙམ་མ་ཡིན་པར། ཞིང་འབྲོག་མང་ཚོགས་ཀྱི་ཁྲག་རྒྱུན་ཁྲོད་དུ་སིམ་པའི་རིག་གནས་ཀྱི་གཞི་རྒྱུ་ཞིག་རེད།
འབྲི་ཆུའི་ཕར་ངོགས་ཀྱི་སི་ཁྲོན་སྡེ་དགེ་དཔར་ཁང་གི་དཔར་ཤིང་80%ཡན་ནི་སྤོ་ལོ་ཤང་གི་ལག་ཤེས་པས་བཟོས་པ་རེད། ཚེ་འཕེལ་ཁྱིམ་རྒྱུད་ཀྱིས་ལག་རྩལ་འདི་རྒྱུན་འཛིན་བྱས་ནས་མི་རབས་དགུ་སོང་ཞིང་། ཁོང་གིས་ལོ་12ནས་ཤིང་བརྐོའི་ལས་ལ་གཞོལ། 2008ལོར“སྤོ་ལོའི་ཤིང་བརྐོས”དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་པ་རེད།
གྲོང་ཚོའི་ཤིང་བརྐོས་རྟེན་གཞིར་ལྟ་སྐོར་བྱེད་སྐབས། ཚེ་འཕེལ་གྱིས་གསར་འགོད་པ་འགྲེམས་པང་ཞིག་གི་མདུན་དུ་ཁྲིད། ཁོང་གིས་འགྲེམས་པང་ཐོག་གི་ཤིང་ཁང་རྙིང་པ་ཞིག་གི་འདྲ་པར་ལ་མཛུབ་མོ་བཙུགས་ཏེ“སྐབས་དེར་ང་དང་དགེ་ཕྲུག་12ཀྱིས་ཤིང་ཁང་ཐེབས་ཆག་འདིའི་ནང་དུ་ཤིང་བརྐོས་སྦྱངས་པ་ཡིན། ལག་ནང་གི་བརྐོས་གྲི་རང་ཉིད་ཀྱི་ལྟོ་ཕོར་དུ་འགྱུར་བའི་བར་དུ་འབད་བརྩོན་བྱས་པ་ཡིན”ཞེས་ཕྱིར་དྲན་བྱེད་བཞིན་བཤད། དེ་དུས་གྲོང་ཚོ་ཡོངས་ཀྱི་ལག་ཤེས་པ་20ལྷག་ཙམ་གྱིས་ལས་སྣེ་རེ་གཉིས་རྩིས་བླངས་པར་ཟླ་རེར་ཡོང་འབབ་སྒོར་2000ཡང་ཟིན་གྱི་མེད་པས་གནའ་བོའི་ཤིང་བརྐོས་གྲོང་ཚོ་དེ་དཀའ་ངལ་གྱི་གནས་སུ་གྱར། ལག་ཤེས་པ་དག་དབྱར་ཁར་ཡུལ་གཞན་དུ་ཡོང་འབབ་གསོག་པར་འགྲོ་བ་དང་དགུན་ཁར་ཕ་ཡུལ་དུ་ལོག་གི་ཡོད་པས་མཉམ་ཤུགས་ཆགས་དཀའ་བ་དང་། སྤྱི་ལེ་115ཡི་རི་ལམ་གྱིས་ཁྲོམ་ར་མང་ཆེ་བ་དང་རྒྱང་གིས་ཆོད་པར་བརྟེན་མངགས་ཐོ་ཡང་ཉིན་མོའི་སྐར་མ་ལྟར་ཧ་ཅང་ཉུང་།
སྟབས་ལེགས་པ་ཞིག་ལ“གསེར་ཕོར་ཁྱེར་ནས་ལྟོ་སློང་བའི”ནམ་དུས་ཡུན་རིང་སྐྱེལ་དགོས་བྱུང་མེད། 2018ལོར་འཇོ་མདའ་རྫོང་སྲིད་གཞུང་དང་ཀྲུང་གོ་ཧྭ་གློག་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་སྨི་ངོས་གྲུ་1400ཟིན་པའི་ཤིང་བརྐོས་འཁོར་ཁང་བསྐྲུན་པ་དང་ཚེ་འཕེལ་སོགས་རྒྱུན་འཛིན་པར་ཡང་ཕྱིར་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་ཐོབ་པ་མ་ཟད། གློག་བརྐོས་འཕྲུལ་ཆས་དང་པོའི་འུར་སྒྲ་དང་ལྷན་དུ་གནའ་བོའི་ལག་རྩལ་དང་དེང་རབས་གཉེར་སྐྱོང་གཉིས་འབྲེལ་མཐུད་བྱུང་བ་རེད།
ཤིང་བརྐོས་ཙམ་མ་ཟད་ད་དུང་ཡུལ་ལུང་དེ་གའི་གཟིམ་སྤོས་དང་བོད་ཤོག་བཟོ་རྩལ་ཡང་ཡག་པོ་ཡོད་ཅིང་། 2023ལོར་གནའ་བོའི་ཤིང་བརྐོས་གྲོང་ཚོའི་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་སྲིད་རྒྱལ་ནི་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་ཞིང་། ཁོ་པས་ཤིང་བརྐོས་དང་། གཟིམ་སྤོས། བོད་ཤོག་བཅས་ཀྱི་ཕྱིར་ཚོང་ཚང་མའི་འགན་འཁུར་གྱི་ཡོད་པ་རེད།
མཉམ་ལས་ཁང་གིས་ལོ་ལྟར་ཉེ་འཁོར་གྱི་ཤང་དང་གྲོང་རྡལ་དུ་དཔར་ཤིང་མཁོ་སྤྲོད་བྱས་པར་ལོ་རེའི་ཡོང་འབབ་ཉུང་མཐར་ཡང་སྒོར་ཁྲི་8ཟིན་གྱི་ཡོད་པ་དང་། འཇོ་མདའ་རྫོང་སྤྱི་ཁྱབ་བཟོ་ཚོགས་ལ་མངགས་ཐོ་སྒོར་ཁྲི་20ཟིན་པའི་གཟིམ་སྤོས་གཏན་འཇཌ་ངང་མཁོ་སྤྲོད་བྱེད་པ། བོད་ཤོག་བཟོས་ནས་གཙོ་བོ་དགོན་པར་མཁོ་སྤྲོད་བྱེད་པ་མ་ཟད་ད་དུང་མངགས་ཐོ་གཞན་ཡང་ཡོད། མཉམ་ལས་ཁང་གིས་རི་ལ་རྒྱུ་ཆ་སྔོག་འཐུ་བྱེད་པར་འགྲོ་མཁན་ཡུལ་མིར་ཉིན་རེར་གླ་ཕོགས་སྒོར་150ནས་200བར་སྤྲོད་ཀྱི་ཡོད། ཁྱིམ་གྱི་སྒོ་རྩར་ཡོང་འབབ་སྒོར་ཁྲི་ལྷག་རག་པ་ནི་ཡུལ་མི་འཕྲིན་ལས་ལ་མཚོན་ན་སྔོན་ཆད་ཡིད་ལའང་འཁོར་དཀའ་བ་ཞིག་རེད། ཁོང་གིས“སྔོན་ཆད་ང་ཚོའི་གྲོང་ཚོར་ཡོང་འབབ་ཉུང་ཉུང་ལས་མེད་པ་དང་། དཔར་ཤིང་མཁོ་སྤྲོད་བྱེད་པ་ཕུད་ཡུལ་མི་མང་པོ་ཞིག་ཉེ་འགྲམ་གྱི་རྫོང་གྲོང་དུ་གླ་པ་ཙག་ཙིག་རྒྱུག་པར་འགྲོ་གི་ཡོད། འཚོ་བ་འཁྱོལ་ཙམ་ཡོད་ཀྱང་ཕྱུག་པོ་ཆགས་མི་ཐུབ”ཅེས་བཤད། ཧྭ་གློག་བོད་ལྗོངས་པ་ཡུས་ཡན་ལག་ཀུང་སིའི་ལིན་ཤིན་ཝེ་འཕྲང་གྲོང་ཚོར་བཅའ་སྡོད་ཟླ་བ་གཅིག་བྱས་རྗེས། “དྲ་ཐོག་གྲཌ་ཅན་གྱི་ལམ་ཐིག་དང་། སྲོལ་རྒྱུན་རིག་གནས་ཉམས་ལེན། སྒར་རྒྱག”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་གསར་པ་ཤེས་རྟོཌ་བྱུང་ཡོད། ཁོང་དང་ཡུལ་དེ་གའི་གྲོང་སྡོད་ལས་བྱེད་པ་གཞན་དག་གིས་གོ་སྐབས་དེར་དམ་འཛིན་བྱས་ཏེ་ཤིང་བརྐོས་རྟེན་གཞིའི་ཁྱད་ཆོས་ལྡན་པའི་རིག་གནས་གཙོ་གནད་དུ་བཟུང་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་ལྟད་མོར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
གནའ་བོའི་ཤིང་བརྐོས་ལག་རྩལ་གྱིས་ཡུལ་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་བ་མ་ཟད། ཝེ་འཕྲང་གྲོང་ཚོར་རེ་བས་ཁེངས་པའི་འབྱུང་འགྱུར་ཡང་བཏོད་པ་རེད།