དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་རྟགས་ལས་ཐོག་མའི་བསམ་འདུན་མངོན། གཞི་རིམ་བཅོས་སྐྱོང་ལས་རྣམ་པ་གསར་པ་མངོན།

    —— མངའ་རིས་ས་ཁུལ་གྱིས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་བསྐྲུན་པར་འཚོལ་ཞིབ་སྣ་མང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    འདི་ལོའི་ཚུན་དུ། མངའ་རིས་ས་ཁུལ་གྱིས“ཆེན་པོ་གསུམ”གྱི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཤིང་། སྣ་མང་ཅན་གྱི་མཉམ་འགུལ་དང་། རིམ་པ་མང་བའི་ཤུགས་འདོན། ཟུར་ཚད་མང་བའི་མཉམ་སྤྱོད་བཅས་བརྒྱུད་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “གཞི་གསུམ”གྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་གྱིས་གཞི་རིམ་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་བཏང་ཡོད།

    གཞི་རིམ་བཅོས་སྐྱོང་གི“དྲ་བ་གཅིག”དམ་དུ་བཏང་བ།

    མངའ་རིས་སུ་སྐྱོད་སྐབས་གཞི་རིམ་བཅོས་སྐྱོང་གི་གསར་གཏོད་གྲུབ་འབྲས་གང་སར་མཐོང་ཐུབ། དྲ་མིག་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་མངའ་རིས་ས་ཁུལ་གྱིས་དྲ་མིག་ཏང་རྩ་འཛུགས་467དང་ཏང་ཚོགས་ཆུང་641བཙུགས་པ་དང་། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་147གྱིས་དྲ་མིག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཅིག་ལྕོགས་བྱས་ཤིང་། དྲ་མིག་པ་483གཞི་རིམ་གྱི་འཐབ་ས་མདུན་མར་ལས་དོན་སྒྲུབ་བཞིན་ཡོད་པ་དང་། དེའི་ནང་ཆེད་བསྐོས་དྲ་མིག་པ་429ཡོད།

    མངའ་རིས་ས་ཁུལ་དུ“དོན་དག་ཆུང་ངུ་དྲ་མིག་གཅིག་གིས་ཐག་གཅོད་བྱེད་པ་དང་དོན་ཆེན་དྲ་རྒྱ་ཡོངས་ཀྱིས་མཉམ་འགུལ་ཐག་གཅོད”ཀྱི་བཅོས་སྐྱོང་རྣམ་པ་ཆགས་ཡོད། 2024ལོར་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་ཕུལ་བྱུང་གི་གཞི་རིམ་ཏང་རྩ་འཛུགས་5དཔྱད་འདེམས་བྱས་པ་དང་། 2025ལོར་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་12གནད་སྨིན་གྲལ་བཤེར་བརྒྱུད་ནས་གཏན་འཁེལ་བྱས་ལ། དེ་དག“དག་ཐེར་ཇུས་གཞི་གཏན་འཁེལ་དང་། དམིགས་ཚད་བྱ་ཐབས་གཏན་འཁེལ། འགན་འཁྲིའི་འགོ་ཁྲིད་གཏན་འཁེལ། ལེགས་སྒྲུབ་དུས་བཀག་གཏན་འཁེལ”བཅས་ཀྱི་རྣམ་པ་བརྒྱུད་དག་ཐེར་བརྟན་པོ་བྱེད་བཞིན་ཡོད།

    མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་པ།

    མངའ་རིས་ས་ཁུལ་གྱིས་ཚུལ་བཞིན་སྐྱོང་བའི་སྣེ་ཁྲིད་རང་བཞིན་འདོན་རྒྱུར་སྣང་ཆེན་བྱེད་པ་དང་། གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་ཀྱི་རམ་འདེགས་ནུས་པར་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གྲོང་ཚོ་རེ་རེ་བཞིན་བཅའ་ཁྲིམས་སྒྲིག་སྲོལ་དང་མཐུན་ལ། གྲོང་ཚོའི་གནས་ཚུལ་དང་དམངས་འདོད་ལ་མཐུན་པའི་གྲོང་སྲོལ་དམངས་ཆིངས(གྲོང་མིའི་སྤྱི་ཆིངས)114བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་མ་ཟད། “གྲོང་སྲོལ་དམངས་ཆིངས་དང་སྐར་གསོག་སྒོ་རྩིས་ཚོང་ཁང”ཟུང་འབྲེལ་གྱི་རྣམ་པ་ཡང་ཁྱབ་གདལ་བཏང་ཡོད། སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་རི་དམར་གྲོང་ཚོའི“གྲོང་གསེབ་དར་རྒྱས་ཀྱི་སྒོ་རྩིས་ཚོང་ཁང”དུ་གྲོང་མིས་གྲོང་སྲོལ་དམངས་ཆིངས་ལ་བརྩི་སྲུང་ཞུས་ནས་ཐོབ་པའི་སྐར་གསོག་གིས་འཚོ་བའི་མཁོ་ཆས་བརྗེ་ཆོག་གི་ཡོད།

    དེ་དང་ཆབས་ཅིག་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོ(སྡེ་ཁུལ)147གྱི་བཅའ་ཁྲིམས་བློ་འདྲི་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ལ། རྩྭ་མདའ་རྫོང་གི་གྲོང་མི་ཞིག་གིས“བཅའ་ཁྲིམས་བློ་འདྲི་བའི་རོགས་རམ་འོག ང་རང་ལ་དུས་ཡུན་རིང་པོར་འཕྲད་པའི་རྩོད་གཞིའི་གནད་དོན་བདེ་བླག་ངང་ཐག་གཅོད་ཐུབ་སོང”ཞེས་བཤད།

    གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ཡང་གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད། མངའ་རིས་ས་ཁུལ་གྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ལས་འགན་གཅིག་ལྕོགས་དྲ་མིག་པར་བསྡུས་ཤིང་། གྲོང་ཁུལ་55ཡི་ཕྱོགས་བསྡུས་དྲ་མིག་ནང་ལས་འགན་གཅིག་ལྕོགས་དྲ་མིག་པ་29དང་སྤྱི་ཚོགས་ལྟ་སྐུལ་པ་2བསྡུས་པ་རེད།

    གཞི་རིམ་བཅོས་སྐྱོང་བྱེད་སྟངས་བརྒྱུད་སྤྲོད་ཀྱིས་མི་སེམས་དྲོ་བར་བྱས་པ།

    མངའ་རིས་ས་ཁུལ་གྱིས“སྲིད་གཞུང་གི་མཁོ་སྤྲོད་སྟོན་ཕྱོགས”དེ“མང་ཚོགས་ཀྱི་དགོས་མཁོའི་སྟོན་ཕྱོགས”སུ་བསྒྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྲིམས་ལྟར་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། ཆེད་དོན་བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དམངས་བདེ་དམངས་ཕན་ཞབས་ཞུའི་བྱེད་ཐབས་ཁག་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།

    ལས་ཐོག་ཏང་ཡོན་སྡེ་ཁུལ་དུ“འབྱོར་ཐོ་གཉིས་འགོད་པའི”བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། མིག་སྔའི་བར་བྱེད་སྒོ་ཐེངས་400ལྷག་ཙམ་སྤེལ་བ་དང་ཏང་ཡོན་མི་ཐེངས་4600ལྷག་ཙམ་ཞུགས་ནས། མང་ཚོགས་ལ་བྱ་བ་དངོས་185བསྒྲུབས་པ་དང་མང་ཚོགས་ཀྱི་རེ་འདུན་ཆུང་ཆུང་ཁག་106བསྒྲུབ་རྒྱུའི་ཁས་ལེན་བྱས་ཡོད།

    ས་ཁུལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་དཔུང་ཁག་955ཡིས“ཚལ་ཐོ་རྣམ་པའི”ཞབས་ཞུ་དང“མང་ཚོགས་ཀྱིས་རེ་བ་འདོན་པ་དང་། ལྟེ་གནས་ཀྱི་མངགས་པ། དང་བླངས་པས་སྒྲུབ་པ། མང་ཚོགས་ཀྱིས་གདེང་འཇོག་བྱེད་པ”བཅས་ཀྱི་ཞབས་ཞུའི་ལས་དོན་ལམ་སྲོལ་བརྒྱུད། མཁོ་སྤྲོད་གནད་འཁེལ་ངང་ཆ་སྒྲིག་ཐུབ་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་3891སྤེལ་བ་དང་མང་ཚོགས་མི་ཐེངས་347543ལ་ཕན་པ་ཐོབ་ཡོད། སྤུ་ཧྲེང་རྫོང་རྒན་གསོ་ཁང་དུ་དང་བླངས་ཞབས་ཞུ་རུ་ཁག་གིས་མི་ཧྲེང་རྒན་རྒོན་ལ་འཚོ་བའི་དངོས་ཟོག་བསྐྱལ་བ་དང་ཁོང་ཚོར་གཙང་སྦྲ་བྱེད་རོགས་བྱས་པས་རྒན་རྒོན་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད།

    “ལས་བྱེད་པས་གཤམ་སྐྱོད་དང་། འགལ་བ་གྲལ་བཤེར། གནད་དོན་ཐག་གཅོད”བཅས་ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔའི་བར་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་མི་ཐེངས་60ཡིས་གཤམ་སྐྱོད་སྐོར་ཞིབ་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་སྤྱིར་བཏང་ལས་བྱེད་པ་མི་ཐེངས་4479ཡིས་གཤམ་སྐྱོད་སྐོར་ཞིབ་བྱས་ཏེ། འགལ་ཟླ་རྩོད་གཞི་ཁག་1224གྲལ་བཤེར་བྱས་པའི་ཁྲོད་ཁག་1130ཐག་གཅོད་བྱས་ཏེ་མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཏན་ཏིག་བྱས་ཡོད།

    གཞི་རིམ་བདེ་འཇགས་ཀྱི“འགོག་སྲུང་གྱང”བརྟན་པོ་བཙུགས་པ།

    སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་ལས་འགན་ཁྲོད། མངའ་རིས་ས་ཁུལ་གྱིས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས“7+1”བརྟན་ལྷིང་སྲུང་སྐྱོང་སྔོན་འགོག་དང་ཚོད་འཛིན་བྱེད་སྟངས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ཐད་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་7དངོས་ཚན་ཅན་གྱི་འཁོར་སྐྱོད་ཐུབ་ནས། འབྲེལ་ཡོད་སྡེ་ཚན་ཁག་བཅའ་སྡོད་ལེགས་གྲུབ་བྱུང་ཚད་100%ཟིན་པ་དང་། ཤང(གྲོང་རྡལ)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་23ཚད་ལྡན་ཅན་གྱི་འཛུགས་སྐྱོང་ཐུབ་ཡོད།

    མངའ་རིས་ས་ཁུལ་གྱིས་འཕྲལ་སྡོམ་འཕྲལ་རྐྱེན་ཐག་གཅོད་ཀྱི་དངོས་འཐབ་ནུས་པ་མུ་མཐུད་ཆེ་རུ་བཏང་ཞིང་། ཆེད་དོན་འཕྲལ་སྡོམ་བཀོད་འདོམས་པུའུ་24བཙུགས་ནས། ས་ཁུལ་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་མཐུན་སྦྱོར་མཉམ་ལས་ལམ་སྲོལ་འཛུགས་པ་དང་། ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྤྱི་ཚོགས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་མ་ལག་གསར་སྒྱུར་བཅས་བྱས་ཏེ་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་པ་བཞིའི་གེགས་སེལ་དངོས་ཟོག་གསོག་འཇོག་མ་ལག་བཙུགས་ཡོད། ས་ཡོམ་དང་། ཆུ་ཁོངས། རི་བོ། དྲོད་ཚད་དམའ་བའི་གངས་ཆར་འཁྱགས་པའི་གནོད་སྐྱོན། ས་འོག་གི་ཚད་ཡོད་བར་སྟོང་དུ་རོགས་སྐྱོབ་སོགས་ཆེད་དོན་རོགས་སྐྱོབ་དཔུང་ཁག་ལྔ་བཙུགས་པ་དང་ཆབས་ཅིག གཙོ་གནད་ཁེ་ལས་ལ་ལས་འགན་གཅིག་ལྕོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་། གནོད་འཚེའི་ཆ་འཕྲིན་གཏོང་མཁན་དང་ས་ཡོམ་གནས་ཚུལ་སྙན་སེང་ཞུ་མཁན་དཔུང་ཁག་མང་དུ་བཏང་ནས་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་གྲོང་ལྷན་ཚང་མར་ཁྱབ་པ་བཅས་བྱས་ཏེ། གཞི་རིམ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།