ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་ཚོགས་ལས་དོན་པའི་ནུས་འདོན་རྟེན་གཞིས།
སྡེ་ཁུལ་གྱི་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ།
འདི་ནི་སྤྱི་ཚོགས་ལས་དོན་པས་XRའདྲ་བཟོའི་ཉམས་ལེན་ཁུལ་དུ་ཡུལ་རྣམ་འདྲ་བཟོ་བྱེད་བཞིན་པ།
འདི་ནི་སྤྱི་ཚོགས་ལས་དོན་པས་བརྙན་ཐུང་བཟོ་བཞིན་པ།
འདི་ནི་སྤྱི་ཚོགས་ལས་དོན་པས་ཁོངས་གཏོགས་ཁུལ་བཅོས་སྐྱོང་གི་གནད་དོན་དབྱེ་ཞིབ་དང་གྲོས་བསྡུར་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་ཚོགས་ལས་དོན་པའི་ནུས་འདོན་རྟེན་གཞིའི(གཤམ་ལ“རྟེན་གཞི”ཞེས་བསྡུ་རྒྱུ)AIའདྲ་བཟོའི་སློབ་སྦྱོང་ཁུལ་ད་ལོའི་ཟླ་4པར་སྤྱོད་འགོ་ཚུགས་ཚུན། རྒྱ་ཁྱོན་ལ་སྨི་ངོས་གྲུ་550ཡོད་པའི་རྟེན་གཞི་འདིས་རིག་ནུས་ཅན་གསོ་སྦྱོང་དང་། སློབ་གྲྭ་དང་ས་གནས་མཉམ་ལས། སེམས་ཁམས་རོགས་སྐྱོར་སོགས་ཞིབ་ཚགས་པའི“འདེགས་ཤིང་ཆུང་ངུར”བརྟེན་ནས་ཁྲེང་ཀོན་ཆུས་ཀྱི་ཆེད་བསྐོས་སྤྱི་ཚོགས་ལས་དོན་པ་861གི་འཇོན་ཐང་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བཞིན་ཡོད།
རྟེན་གཞིས་ཆུ་ཚོད་24ཡི་རིང་སྤྱོད་ཆོག་པའི་ངོ་བཤེར་མ་ལག་གིས་སྤྱི་ཚོགས་ལས་དོན་པའི་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་བཟོས་ཏེ་སྤྱི་ཚོགས་ལས་དོན་པ་མི་ཐེངས་1217གྱི་རང་བརྟེན་སློབ་སྦྱོང་བྱེད་པའི་རྣམ་པ་ཐོ་འགོད་བྱས་ཡོད། དེས་བསྐྲུན་པའི“རང་བརྟེན་སློབ་སྦྱོང་དང་། རོགས་རེས་སློབ་སྦྱོང་། ལྟ་སྐུལ་མཛུབ་ཁྲིད་སློབ་སྦྱོང”བཅས་ཀྱི་རིག་ལྡན་གླིང་ཆེན་པོ་གསུམ་ནི་མངོན་མེད་ཀྱི་དྲ་རྒྱ་དང་འདྲ་བར་ས་མཐོའི་སྡེ་ཁུལ་དུ་ཁ་ཐོར་དུ་གནས་པའི་ཞབས་ཞུ་བ་རྣམས་གཅིག་སྦྲེལ་དམ་ཟབ་ཐུབ་ཀྱི་ཡོད།
རྟེན་གཞིས་གསར་སྤེལ་བྱས་པའི་མངགས་བཟོ་ཅན་གྱི་སློབ་ཚན་ནི་སྡེ་ཁུལ་བཅོས་སྐྱོང་དང་། སེམས་ཁམས་ཁྲིད་སྟོན། སྲིད་ཇུས་གསལ་འགྲེལ་སོགས་འགག་རྩའི་ཁྱབ་ཁོངས་སུ་ཁྱབ་ཡོད། སློབ་ཁྲིད་ཚོགས་པས“རྐང་འཛིན་དགེ་རྒན་གྱིས་ལོ་ཕྱེད་རིང་གནས་སྡོད་སློབ་ཁྲིད་དང་། སྣེ་ཁྲིད་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད། ཞིབ་འཇུག་སློབ་མའི་ཞིབ་འཇུག་བྱ་གཞི་ལག་ལེན་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་རྣམ་པའི་ཐོག་ནས་དེར་གཞི་ཚུགས་ཏེ། ལྐོག་གྱུར་ཅན་གྱི་རིགས་པའི་གཞུང་ལུགས་དེ་རང་ས་ཅན་གྱི་སྤྱི་ཚོགས་ལས་དོན་པའི་མཛུབ་ཁྲིད་ལག་དེབ་དང་དཔེ་མཚོན་དངོས་ཀྱི་མཛོད་དང་མཉམ་འདྲེས་བྱས་ཡོད། སྤྱི་ཚོགས་ལས་དོན་པའི་འཇོན་ཐང་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭར་གྲོང་ཚོ་དང་གྲོང་ལྷན་མི་འདྲ་བ་ནས་ཡོང་བའི་སྤྱི་ཚོགས་ལས་དོན་པ་ཕུལ་བྱུང་60ཡིས་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་འོག་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ས་མཐོར་གཞི་ཚུགས་པ་རེད།
ཁྲེང་ཀོན་ཆུས་ཀྱིས་ཆུས་དེའི་སྤྱི་ཚོགས་ལས་དོན་པ་861ལ་དྲ་ཐོག་སློབ་སྦྱོང་ལས་སྟེགས་ཀྱི་ཨང་རྟགས་གཅིག་གྱུར་ཐོ་འགོད་བྱས་ཏེ“སྤྲིན་ཚོམ་ནུས་འདོན་སློབ་གླིང”ཞིག་བསྐྲུན་ཡོད། སྤྱི་ཚོགས་ལས་དོན་པ་ཚོས་ལས་ཀའི་བར་གསེང་གི་ཁོམ་པ་སྟབས་བསྟུན་ངང་སྤྱད་དེ་མཐོ་སློབ་ཀྱི་དགེ་རྒན་གྲགས་ཅན་གྱིས་སློབ་ཁྲིད་བྱས་པའི་སྤྱི་ཚོགས་ལས་དོན་པ་དང་། ནོར་དོན། སེམས་ཁམས། ཁྲིམས་འཛིན་སོགས་ཀྱི་སློབ་ཚན་སློབ་སྦྱོང་བྱེད་ཆོག་པ་མ་ཟད། འདྲི་གཞི་དངོས་ཀྱི་ཚད་ལེན་ཚོད་ལྟ་བརྒྱུད་ལས་རིགས་ཐོབ་ཐང་གི་ཡིག་རྒྱུགས་ལེན་པར་རྨང་གཞི་འདིང་ཐུབ།
རྟེན་གཞིས་འབྱུང་འགྱུར་ལ་དེ་བས་དམིགས་ཏེ་མཉམ་ལས་དྲ་རྒྱ་ཆེན་པོ་ཞིག་གཏོད་རྒྱུར་གཞོལ་ནས། སྲིད་གཞུང་དང་། མཐོ་སློབ། སྤྱི་ཚོགས་རྩ་འཛུགས། ཁེ་ལས། དང་བླངས་པ་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་སྤྱི་ཚོགས་ལས་དོན་པར་སྣ་མང་ལག་ལེན་ལས་སྟེགས་དང་ལས་གནས་སྦྱོང་བརྡར་ཐབས་ལམ་གཏོད་རྒྱུ་རེད། རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སྤྱི་ཚོགས་ལས་དོན་པ་གསུམ་དང་ཐོབ་ཐང་རྒྱུགས་སྤྲོད་མཉམ་ལས་འདོད་མཐུན་བཞག་པ་དང་དེ་བཞིན་སྤྱི་ཚོགས་ལས་དོན་པ་ཕུལ་བྱུང་གི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་། སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཤེས་ལྡན་པ་འདེམས་སྒྲུག སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་བཅས་ཀྱི་བྱ་ཐབས་ནུས་ལྡན་ལ་བརྟེན་ནས་ལས་རིགས་ཅན་དང་ཆེད་ལས་ཅན་གྱི་འཚར་ལོངས་ལམ་བུ་ཞིག་གཏོད་རྒྱུ་རེད།