མང་ཚོགས་གང་དུ་ཡོད་ན་དེ་གར་གློག་བརྙན་སྟོན་མཁན་ཡོད།
—— ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་གསར་བརྗེའི་རིག་གནས་ཁྱབ་སྤེལ་གཏོང་སྟངས་གསར་གཏོད་བྱས་པའི་སྐོར་བཀོད་པ།
ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གདོང་ཐོག་སྡེ་ཁུལ་གྱི་གྲོང་ཚོ་ཁ་ཐོར་ནས་གནས་པ་དང་ཆ་འཕྲིན་གསང་པོ་མེད་པའི་དཀའ་གནད་ལ་གཞིགས་ཏེ། དཔལ་འབར་རྫོང་གིས“ཁུག་ཆ་མི་ལུས་པ”དམིགས་ཚད་དུ་བཟུང་སྟེ་གསར་བརྗེའི་རིག་གནས་ཀྱི་འཐབ་ས་ཆུང་གྲས་བཀོད་ཇུས་ཞིབ་ཚགས་བྱས་པ་རེད། ཏང་འཛུགས་སྐྱོང་གི་འགྲོ་གྲོན་དང་བོད་སྐྱོར་མ་དངུལ་ལ་གཅིག་འདོམས་བྱས་ཏེ་གློག་བརྙན་སྟོན་ས་72ལ་4Kརབ་གསལ་སྒྲིག་ཆས་དང་སྒུལ་བདེའི་མཐའ་སྣེ་བསྒར་ཡོད། དེ་དང་ཆབས་ཅིག་གྲངས་འཛིན་ཐོན་ཁུངས་མཛོད་བཙུགས་ནས་གསར་བརྗེའི་བརྩམས་ཆོས་གྲགས་ཅན་དང་། སྲིད་ཇུས་གསལ་འགྲེལ། རྩལ་ནུས་གསོ་སྦྱོང་བཅས་རིགས་ཆེན་པོ་གསུམ་གྱི་གློག་བརྙན་ཕུལ་བྱུང་90ལྷག་ཙམ་བསྟན་ཡོད། མི་འབོར་གཅིག་སྡུད་ཆེ་བའི་གྲོང་ཚོས་ལག་ལེན་ས་ཚིགས་ལ་བརྟེན་ནས་གཏན་འཇགས་གློག་བརྙན་སྟོན་ས་བསྐྲུན་པ་དང་ཐག་རིང་འབྲོག་ཁུལ་ལ་སྐོར་སྐྱོད་གློག་བརྙན་རུ་ཁག་9བཙུགས་ནས། ལ་ཀླུང་ས་ཐག་རྒྱང་ཡང་གསར་བརྗེའི་གློག་བརྙན་མང་ཚོགས་ཡོད་སར་སྟོན་ཐུབ་པར་འགན་ལེན་བྱས་ཡོད།
དཔལ་འབར་རྫོང་གིས་གནད་དོན་ཕྱོགས་སྟོན་དུ་བཟུང་ནས་གསར་གཏོད་ཀྱི་སྒུལ་ནུས་འཕེལ་བར་བྱས་ཏེ“འཚང་གཡོལ་གློག་བརྙན་སྟོན་པའི”བྱ་ཐབས་སྤྱད་ནས་གློག་བརྙན་སྟོན་པའི་དུས་ཚོད་ས་སྲོད་ལས་ཀ་ཚར་རྗེས་དང་། གཟའ་མཇུག ངལ་གསོའི་དུས་ཚོད་བཅས་ལ་གཏན་འཁེལ་བྱས་ཡོད། དེ་དང་ཆབས་ཅིག“མངགས་ཐོ་རྣམ་པའི”ཞབས་འདེགས་ཞུས་ཏེ་གྲོང་མིའི་སྐད་འཕྲིན་ཚོགས་པ་དང་དུད་ཚང་དུ་བསྐྱོད་ནས་སྐད་ཆ་འདྲི་བ་སོགས་ཀྱི་ཐབས་ལ་བརྟེན་ཏེ་གློག་བརྙན་ལྟ་བའི་དགོས་མཁོ་ཤེས་རྟོགས་ཀྱིས་མང་ཚོགས་དང་འཚམ་པའི་གློག་བརྙན་བསྟན་ཡོད།
རུ་ཁག་སྟོབས་ཆེར་གཏོང་ཆེད། དཔལ་འབར་རྫོང་གིས“རྫོང་རིམ་པས་གཅིག་སྡུད་གསོ་སྦྱོང་བྱེད་པ་དང་། ཤང་དང་གྲོང་རྡལ་གྱིས་ཐ་སྐྱོང་སློབ་ཁྲིད་བྱེད་པ། ས་གནས་ས་ཐོག་ནས་རྩལ་ནུས་ཆེ་རུ་གཏོང་བ་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་ལ་བརྟེན་ནས་གློག་བརྙན་སྟོན་མཁན་9གསོ་སྐྱོང་བྱས་པ་དང་གཞི་རིམ་གྱི་སྒྲོག་འགྲེལ་རུ་ཁག་97བཙུགས་ཡོད། “རིག་གནས་དང་བླངས་པའི་མཛོད”བཙུགས་ཏེ་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་གློག་བརྙན་སྟོན་རོགས་བྱེད་མཁན་ལ་བསྡུས་པས“ཆེད་ལས་མི་སྣས་གཙོ་ཁྲིད་བྱེད་པ་དང་། དང་བླངས་པས་ཁ་གསབ་བྱེད་པའི”ཞབས་ཞུའི་རུ་ཁག་གི་མ་ལག་གྲུབ་ཡོད།
གློག་བརྙན་ཁང་ཆུང་གྲས་ལས་དཔལ་འབར་རྫོང་གི་གྲོང་གསེབ་ཀྱི་རྣམ་པར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། 2022ལོ་ཚུན་དུ་མང་ཚོགས་ཀྱི་སྒོ་རྩར་གསར་བརྗེའི་གློག་བརྙན་ཐེངས་1210ལྷག་ཙམ་བསྟན་པར་ལྟ་མཁན་མི་ཐེངས་ཁྲི་2.73ཟིན་ཡོད། གློག་བརྙན་ཁང་ལ་བརྟེན་ནས་རྫོང་ཡོངས་སུ་གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་86དང་། དང་བླངས་པའི་གློག་བརྙན་སྟོན་མཁན་རུ་ཁག་72བཙུགས་ཡོད། 2025ལོར་རིག་རྩལ་འཁྲབ་སྟོན་ཐེངས་420བྱས་པ་དང་། གསར་བརྗེའི་གློག་བརྙན་ཐེངས་480བསྟན་ཏེ་འབྲོག་པ་མང་ཚོགས་ཀྱི་འགྲམ་དུ“གསར་བརྗེའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས”དུས་ཐོག་ཏུ་བཤམས་ཡོད།