རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་ཇུས་གཞི་བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2025—2027ལོ་བར)》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་ལས་ཞུགས་བྱ་རྒྱུར་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་མང་ཆེ་བས་སྤུས་ཚད་མཐོ་ཙམ་གྱི་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་རེད།
《བྱ་སྤྱོད་ཇུས་གཞིའི》ནང་། “གཏན་འབེབས་ཀྱི་བསྡུར་ཚད་གཞིར་བཟུང་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག”དོན་འཁྱོལ་ལ་དམིགས་ཏེ་ལས་ཁུངས་དང་བྱ་གཞག་ཚན་པས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱ་སྤྱོད་ལ་སྣེ་ཁྲིད་བཀོད་སྒྲིག་བྱེད་པ་དང་ཁེ་ལས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱ་སྤྱོད་ལ་རམ་འདེགས་བྱེད་པ་དང་། “ལས་ཞུགས་མང་ཙམ་ཐུབ་པར་དམིགས་ནས་དབང་པོ་སྐྱོན་ཅན་གྱི་རང་བརྟེན་ལས་གཏོད་དང་སྟབས་བསྟུན་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དང་དབང་པོ་སྐྱོན་ཅན་གྱི་རམ་འདེགས་རང་བཞིན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ། “གཙོ་གནད་ཚོགས་སྤྱིར”རོགས་སྐྱོར་བྱེད་པར་དམིགས་ནས་དབང་པོ་སྐྱོན་ཅན་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་རོགས་སྐྱོར་བྱ་སྤྱོད་དང་། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་བྱ་སྤྱོད། ལོང་བའི་ལས་ཞུགས་རོགས་སྐྱོར་བྱ་སྤྱོད་བཅས་ལག་བསྟར་བྱེད་པ། “ལས་ཞུགས་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་གྲུབ་ཆའི་རང་བཞིན་གྱི་འགལ་བ་སེལ་བར”དམིགས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་ལེགས་གཏོང་བྱ་སྤྱོད་དང་དབང་པོ་སྐྱོན་ཅན་གྱི་ལས་རིགས་འཇོན་ཐང་མཐོར་གཏོང་གི་བྱ་སྤྱོད་ལག་བསྟར་བྱེད་པ། “ཁེ་དབང་འགན་སྲུང་ལ་ཤུགས་སྣོན་རྒྱག་པར”དམིགས་ནས་དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་ཀྱི་ཁེ་དབང་འགན་སྲུང་བྱ་སྤྱོད་ལག་བསྟར་བྱེད་པ་བཅས་བཏོན་ཡོད།
《བྱ་སྤྱོད་ཇུས་གཞིའི》ནང་། མ་དངུལ་དང་ཆ་འཕྲིན་སོགས་ཀྱི་འགན་སྲུང་ཆ་རྐྱེན་གཏན་འབེབས་ཁ་གསལ་བྱས་ཡོད། ས་གནས་ཁག་གིས་གཏན་འབེབས་གཞིར་བཟུང་། རིགས་ཁག་གི་ལས་ཞུགས་རོགས་སྐྱོར་དང་དེ་བཞིན་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁ་གསབ་བྱ་དགའི་ལག་བསྟར་བྱ་ཐབས་བཟོ་བ་དང་། རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་རིམ་པ་ཁག་གི་སྲིད་དོན་ཞབས་ཞུའི་ལས་ཁུངས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གྲངས་གཞི་མཉམ་སྦྲེལ་མཉམ་མཐུད་མངོན་འགྱུར་བྱེད་པ། གཅིག་གྱུར་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལས་སྟེགས་འཛུགས་དགོས་ཞེས་བླང་བྱ་བཏོན་ཡོད།