ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་འཁོར་ལམ་གཉིས་ཀྱི་ཕུག་ལམ་རིང་ཤོས་ཤར་གཏོང་ཐུབ་པ།
གསར་འགོད་པས་ཅིང་ཁུན་མྱུར་བགྲོད་ལྕགས་ལམ་ཤིས་ཁུན་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་30ཉིན་གྱི་སྔ་དྲོར། འཛུགས་སྐྲུན་པས་ཉིན་1290རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་པེ་ཅིང་ནས་ཁུན་མིང་བར་གྱི་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཏེ་ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འཛུགས་སྐྲུན་ལ་ཚད་བརྒལ་ཆེན་པོ་བྱུང་ཞིང་། ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པས་སྐྲུན་འགན་ཁུར་བའི་ལམ་ཐིག་ཧྲིལ་པོའི་འཁོར་ལམ་གཉིས་ཀྱི་ཕུག་ལམ་རིང་ཤོས་ཏེ་པའོ་ཡུན་ཕུག་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་དང་། དེ་ནི་ལམ་ཐིག་ཧྲིལ་པོའི་ཐོག་མར་ཤར་གཏོང་ཐུབ་པའི་རིང་ཚད་སྤྱི་ལེ་16ཡན་ཟིན་པའི་ཕུག་ལམ་རིང་ཤོས་རེད།
པའོ་ཡུན་ཕུག་ལམ་ནི་ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་ཧུའེ་ཙེ་རྫོང་གི་མངའ་ཁོངས་སུ་གནས་པ་དང་རིང་ཚད་སྤྱི་ལེ་16.8ཡོད་པ་རེད། མིག་སྔར། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཡུན་ནན་མངའ་ཁོངས་སུ་ཕུག་ལམ་41ཤར་གཏོང་ཐུབ་ཡོད། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཡུན་ནན་དུམ་བུ་ཕྱོགས་ཡོངས་ནས་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཏེ་ལམ་གཞིའི་ས་རྡོའི་ལས་གྲྭ་98%ལེགས་གྲུབ་ཟིན་པ་དང་། ཟམ་པ་དང་ཕུག་ལམ་གྱི་ཨར་ལས་92%ལེགས་གྲུབ་ཟིན་པ། ལམ་གཞི་དང་། ཟམ་པ། ཕུག་ལམ་སོགས་བབས་ཚུགས་མ་བརྒྱབ་གོང་ལས་གྲྭ་གཙོ་བོ་གཞི་རྩའི་ཐོག་བསྐྲུན་ཟིན་པ། བབས་ཚུགས་བརྒྱབ་རྗེས་ཀྱི“གློག་བཞི”དང་བབས་ཚུགས་ཁང་པའི་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་བཅས་རེད།
ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་རིང་ཚད་སྤྱི་ལེ་700ཙམ་ཟིན་ཞིང་། དེ་ནི་ཡུན་ནན་ཞིང་ཆེན་ཁོངས་ཀྱི་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་350ཟིན་པའི་མྱུར་བགྲོད་ལྕགས་ལམ་དང་པོ་དེ་རེད། ལམ་ཐིག་ཧྲིལ་པོ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། ཁྲུང་ཆིང་ནས་ཁུན་མིང་བར་གྱི་འཁོར་གཏོང་དུས་ཡུན་ཆེས་ཆེར་ཐུང་དུ་སོང་སྟེ་ལྷོ་ནུབ་ས་ཁུལ་དང་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྟབས་བདེའི་རང་བཞིན་ཆེས་ཆེར་མཐོ་རུ་ཕྱིན་ནས་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།