2025ལོའི་རྒྱལ་ཡོངས་ཀྱི་དབྱར་གསེང་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་འགོ་བཙུགས་པ།
རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་བྱེད་སྒོ་བཞི་སྟོང་སུམ་བརྒྱ་ལྷག་ཙམ་སྤེལ་རྒྱུ་ཡིན་པ།
2025ལོའི་རྒྱལ་ཡོངས་ཀྱི་དབྱར་གསེང་རིང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཀྱི་རང་སའི་བྱེད་སྒོ་ཚེས་30ཉིན་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་སྤེལ་ནས་རྒྱལ་ཡོངས་ཀྱི་དབྱར་གསེང་རིང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཀྱི་འགོ་དངོས་སུ་བཙུགས་པ་རེད།
འཛད་སྤྱོད་སྐུལ་སྤེལ་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《འཕར་གཞི་གསར་པའི་དར་རྒྱས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་སྔར་བས་སྐྱེད་སྲིད་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》དོན་འཁྱོལ་བྱས་ནས་དབྱར་གསེང་གི་གསོན་ཤུགས་འཕེལ་བར་བྱ་ཆེད། རིག་གནས་དང་ཡུལ་སྐོར་པུས་ཟླ་7པ་ནས་8པ་བར་2025ལོའི་རྒྱལ་ཡོངས་ཀྱི་དབྱར་གསེང་རིང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། འཛད་སྤྱོད་དུས་ཚིགས་ཀྱིས“རིག་གནས་ཡུལ་སྐོར་གྱིས་དམངས་ལ་ཕན་པ་སྐྲུན་ལ་སྤྲོ་སྣང་སྦྱིན། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དབྱར་གསེང་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། ས་གནས་ཁག་སྒྲིག་འཛུགས་ཀྱིས་ངོ་མཚར་ལྡན་པའི་འཛད་སྤྱོད་ཀྱི་དམངས་ཕན་བྱེད་སྒོ་ཇུས་འགོད་བྱས་ནས་སྤེལ་རྒྱུ་དང་། ནང་དོན་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་གསར་པ་དང་རྣམ་པ་གསར་པ་བཏོད་དེ་དབྱར་གསེང་རིང་མང་ཚོགས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱ་རྒྱུ་རེད།
རང་སའི་བྱེད་སྒོར་རིག་གནས་དང་ཡུལ་སྐོར་པུའི་ཐོན་ལས་འཕེལ་རྒྱས་སིས་འབྲེལ་ཡོད་སྒྲིག་གཞི་དང་མཐུན་སྦྱོར་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་དང་དམངས་ཕན་བྱ་ཐབས་བཏོན་པ་རེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དབྱར་གསེང་རིང་གི་མཁའ་འགྲུལ་དམངས་ཕན་ཞབས་ཞུའི་བྱ་ཐབས་ཁྱབ་བསྒྲགས་དང་། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཚ་གཡོལ་ཡུལ་སྐོར་ལམ་ཐིག་16དང་དེ་བཞིན་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་ཁྱབ་བསྒྲགས། ཀྲུང་གོ་དངུལ་རྩ་མཉམ་འབྲེལ་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་། ལས་དར་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་དངུལ་རྩའི་གཟིགས་སྐྱོང་བྱ་ཐབས་འདོན་པ། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དང་ཏ་མའེ་རོལ་རྩེད་སོགས་ཁེ་ལས་ཀྱིས་དབྱར་གསེང་རིང་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་དང་དེ་བཞིན་འཛད་སྤྱོད་ཀྱི་དམངས་ཕན་བྱ་ཐབས་བཅས་བཏོན་པ་རེད།
བྱེད་སྒོ་སྤེལ་ཡུལ་ཡིན་པའི་ཧྲན་ཏུང་ཞིང་ཆེན་གྱིས་དབྱར་གསེང་རིང་རིག་གནས་དང་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་འཛད་སྤྱོད་བྱེད་སྒོ་4000ལྷག་ཙམ་སྤེལ་རྒྱུ་དང་ཞིང་ཆེན་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་1000དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་500ལྷག་ཙམ་གྱིས་དངུལ་རྩའི་སྒྲིག་གཞི་དང་དྲ་ཐོག་ཡུལ་སྐོར་ལས་སྟེགས་སོགས་དང་མཉམ་དུ་རིན་ཕབ་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད། ཆིང་ཏའོ་གྲོང་ཁྱེར་གྱིས་འཁྲབ་སྟོན་དང་། མཛེས་ལྗོངས་ཁུལ། སྡོད་ཁང་། ཞིམ་ཟས། ཕྱིར་སྐྱོད་སོགས་ཁྱབ་ཁོངས་ལ་དམིགས་ནས་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་དང་གཟིགས་སྐྱོང་བྱ་ཐབས་འདོན་རྒྱུ་རེད།