ཚོང་དོན་པུས།
ཡོ་རོབ་མནའ་འབྲེལ་སོགས་ནས་ཐོན་པའི་ནང་འདྲེན་གྱི་བཙའ་མི་རྒྱག་པའི་ངར་ལྕགས་ལུགས་མ་སོགས་ལ་ཕམ་ཚོང་ངོ་རྒོལ་གྱི་ཁྲལ་མུ་མཐུད་བསྡུ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་2025ལོའི་ཟླ་7ཚེས་1ཉིན་ནས་བཟུང་ཡོ་རོབ་མནའ་འབྲེལ་དང་། དབྱིན་ཇི། ཧན་གོ ཧིན་རྡུ་ཉི་ཞི་ཡ་བཅས་ནས་ཐོན་པའི་ནང་འདྲེན་གྱི་བཙའ་མི་རྒྱག་པའི་ངར་ལྕགས་ལུགས་མ་དང་བཙའ་མི་རྒྱག་པའི་ཚ་གཅོག་ལྕགས་ལེབ་ལ་ཕམ་ཚོང་ངོ་རྒོལ་གྱི་ཁྲལ་མུ་མཐུད་བསྡུ་རྒྱུ་དང་ལག་བསྟར་དུས་བཀག་ལོ་5ཡིན་པའི་གཏན་འབེབས་བྱས་པ་རེད།
སྤྱི་བསྒྲགས་ནང་ཡོ་རོབ་མནའ་འབྲེལ་དང་། དབྱིན་ཇི། ཧན་གོ ཧིན་རྡུ་ཉི་ཞི་ཡ་བཅས་ནས་ཐོན་པའི་ནང་འདྲེན་གྱི་བཙའ་མི་རྒྱག་པའི་ངར་ལྕགས་ལུགས་མ་དང་བཙའ་མི་རྒྱག་པའི་ཚ་གཅོག་ལྕགས་ལེབ་ཕམ་ཚོང་ངོ་རྒོལ་བྱེད་ཐབས་ལ་གོ་ཆོད་པའི་མཐའ་མའི་བསྐྱར་ཞིབ་ཀྱི་བཀའ་བཅད་ཁྱབ་བསྒྲགས་བྱས་ཡོད། ཚོང་དོན་པུས་བཀའ་བཅད་པ་ལྟར་ན། གལ་ཏེ་ཕམ་ཚོང་ངོ་རྒོལ་བྱ་ཐབས་མཚམས་འཇོག་བྱས་ན་ཡོ་རོབ་མནའ་འབྲེལ་དང་། དབྱིན་ཇི། ཧན་གོ ཧིན་རྡུ་ཉི་ཞི་ཡ་བཅས་ནས་ཐོན་པའི་ནང་འདྲེན་གྱི་བཙའ་མི་རྒྱག་པའི་ངར་ལྕགས་ལུགས་མ་དང་བཙའ་མི་རྒྱག་པའི་ཚ་གཅོག་ལྕགས་ལེབ་ལས་ཀྲུང་གོར་ཕམ་ཚོང་བྱ་སྤྱོད་མུ་མཐུད་ཐོན་པའམ་ཡང་ན་སླར་ཡང་ཐོན་སྲིད་པ་དང་། དེས་ཀྲུང་གོའི་བཙའ་མི་རྒྱག་པའི་ངར་ལྕགས་ལུགས་མ་དང་བཙའ་མི་རྒྱག་པའི་ཚ་གཅོག་ལྕགས་ལེབ་ཐོན་ལས་ལ་མུ་མཐུད་དམ་ཡང་ན་སླར་ཡང་གནོད་སྐྱོན་གཏོང་སྲིད།