དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཕྱིའི་ན་གཞོན་ཚོགས་པར་2025ལོའི་གོ་ལ་ཧྲིལ་པོའི“གཞོན་ནུ་གསར་གཏོད་པའི་བྱ་དགའ”ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཧོ།   |     སྤེལ་དུས།  2025-07-03

    ཉེ་ཆར། སྤྱི་ཁྱབ་པུའུ་འཇར་མན་གྱི་མུའུ་ཉི་ཧའེ་རུ་བཙུགས་པའི་ཡོ་རོབ་ཁེ་བེད་བདག་ཐོབ་ཅུས་ཀྱིས་2025ལོའི“གཞོན་ནུ་གསར་གཏོད་པའི་བྱ་དགའ”ཡི་གོ་ལ་ཧྲིལ་པོའི་གསར་གཏོད་པ་རྩེ་གྲ་བཅུ(ཡང་ན་ཚོགས་པ)ལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་གོ་ནས་ཡིན་པའི་ཝུན་རོའུ་ཅ་དང་ཁོང་གི་མཉམ་ལས་རོགས་ཟླ་ཨ་ལི་ཧྲ·ཧྥུའུ་ལེ་ཏེ་ལི་ཁོ་སུང་གཉིས་ཀྱི་ཚོགས་པར་བྱ་དགའ་ཐོབ་པ་རེད།

    བྱ་དགའ་དེ་ནི་གོ་ལ་ཧྲིལ་པོའི་ལོ་30དང་དེ་མན་གྱི་གསར་གཏོད་པའམ་ཡང་ན་ཚོགས་པར་ཁ་ཕྱོགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བའི་ཕུལ་བྱུང་གཞོན་ནུར་གཟེངས་བསྟོད་བྱ་ཆེད་རེད། ཡོ་རོབ་ཁེ་བེད་བདག་ཐོབ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་བྱ་དགའ་ཐོབ་མཁན་བཅུ(ཡང་ན་ཚོགས་པ)ཡིས་གློག་རྡུལ་གད་སྙིགས་དང་། ཤིན་ཏུ་དཀོན་པའི་གཞི་རྒྱུ་ཕྱིར་བསྡུ། མཁའ་འགྲུལ། མི་ཐབས་རིག་ནུས། ནཱ་སྨི་ལག་རྩལ། ཐཱན་དབྱེ་འབྱེད། བཟའ་བཅའི་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་ཐག་གཅོད་ཇུས་གཞི་བཏོན་ཡོད། ཝུན་རོའུ་ཅ་དང་ཧྥུའུ་ལེ་ཏེ་ལི་ཁོ་སུང་གིས་གྲུ་གཟིངས་ཀྱི་ཐཱན་དབྱེ་འབྱེད་ཀྱི་ལག་རྩལ་གསར་གཏོད་ལ་བརྟེན་ནས་འདེམས་སྒུག་རྣམ་གྲངས་450ལྷག་ཙམ་གྱི་ནང་ནས་འབུར་དུ་ཐོན་ཡོད།

    ཆུ་ཐོག་སྐྱེལ་འདྲེན་ལས་རིགས་ནི་གོ་ལ་ཧྲིལ་པོའི་ཐཱན་འབུད་ཁུངས་གཙོ་བོའི་གྲས་ཤིག་ཡིན་པ་དང་། ད་ཡོད་ཀྱི་གྲུ་གཟིགས་མང་པོ་ཞིག་ལ་སྒྱུར་བཀོད་ནུས་ལྡན་བྱེད་དཀའ་བ་དང་། འཁོར་རྒྱུག་གི་ལས་ཕྱོད་དམའ་བ། དཔལ་འབྱོར་གྱི་མ་གནས་མཐོ་བ་སོགས་ཀྱི་དཀའ་གནད་འཕྲད་ཡོད། དཀའ་གནད་དེ་དག་སེལ་ཆེད་ཝུན་རོའུ་ཅ་དང་ཧྥུའུ་ལེ་ཏེ་ལི་ཁོ་སུང་གིས་མཉམ་དུ་ཀུང་སི་ཞིག་གསར་དུ་བཙུགས་ནས་བཅོས་སྒྲིག་བྱེད་ཆོག་པའི་ཐཱན་དབྱེ་འབྱེད་མ་ལག་ཆ་ཚང་ཞིག་གསར་གཏོད་བྱས་ཡོད། མ་ལག་དེས་གྲུ་གཟིངས་ཆེ་གྲས་ཀྱི་རླངས་རོའི་ཁྲོད་ཀྱི་དབྱང་གཉིས་ཐཱན་འགྱུར་དབྱེ་འབྱེད་ཐུབ་ཀྱི་ཡོད་པ་མ་ཟད། དབྱེ་འབྱེད་བྱས་པའི་དབྱང་གཉིས་ཐཱན་འགྱུར་དེ་སྲ་གཟུགས་ཀྱི་བྱ་རྡོར་བསྒྱུར་ནས་ཉར་ཚགས་བྱེད་ཀྱི་ཡོད།

    ཀྲུང་གོ་དང་ཡོ་རོབ་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་སྐོར་གླེང་སྐབས། ཝུན་རོའུ་ཅ་ཡིས“བྱ་དགའ་འདི་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལས་བྱུང་བའི་ཉིང་བཅུད་ལྟ་བུ་རེད། ཀྲུང་གོར་འཛམ་གླིང་གི་སྔོན་དུ་སླེབས་པའི་བཟོ་སྐྲུན་ནུས་པ་དང་། ཐོན་ལས་རྨང་གཞི། དེ་བཞིན་གསར་གཏོད་ཀྱི་གསོན་ཤུགས་བཅས་ལྡན་ཡོད་པ་དང་ཡོ་རོབ་ལའང་འཐུས་སྒོ་ཚང་བའི་ཚན་རྩལ་ཁོར་ཡུག་མ་ལག་ལྡན་ཡོད་ལ། ཕྱོགས་གཉིས་ཀར་སོ་སོའི་ལེགས་ཆ་ལྡན་པས་ཕན་ཚུན་གསབ་རེས་ཡག་པོ་བྱེད་ཐུབ”ཅེས་བརྗོད། ཁོང་གིས་ངོས་འཛིན་བྱས་དོན། ཕྱོགས་གཉིས་པོར་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པར་བར་མཐོངས་ཆེན་པོ་ལྡན་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ཀྱིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ངོ་བོའི་རང་བཞིན་གྱི་ལེགས་སྐྱེས་འབུལ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།