ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ཐོབ་པ།
“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་བཏོད་པ།
འདི་ནི་ཁམ་བུའི་མེ་ཏོག་གླིང་མཛེས་ལྗོངས་ཁུལ་གྱི་རྣམ་པ་ཡིན་པ།
འདི་ནི་ཡུལ་སྐོར་བས་ཕྲུ་གུ་ཁྲིད་ནས་རྩེད་མོ་རྩེ་བཞིན་པ།
འདི་ནི་གྲོང་མིས་རང་ཁྱིམ་གྱི་སྒོ་ར་ནས་བཏུས་པའི་སེའུ་སྟོན་བཞིན་པ།
འདི་ནི་གྲོང་མིས་ཚར་མ་བླུག་བཞིན་པ།
ཟླ་6ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ། “རེ་བར་ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་དེ་བས་ལེགས་པར་བཏོད་ནས། དར་རྒྱས་བརྟན་ལྷིང་ལྡན་པའི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་གསུངས་ཡོད།
2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་རིང་། ཀ་ལ་གྲོང་ཚོར་ཕེབས་ནས་གྲོང་མི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཀ་ལ་གྲོང་ཚོ་ནི་རི་སྐྱེས་ཁམ་བུའི་མེ་ཏོག་ལས་གང་སར་སྐད་གྲགས་ཆོད་ཡོད། ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཉེ་དུས། ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་ཚུལ་སྙན་སེང་ཞུས་ཏེ། དྲིན་ཚོར་མདུན་སྐྱོད་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཆོད་སེམས་མཚོན་པར་བྱས་ཡོད། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཀ་ལ་གྲོང་ཚོར་འབད་འཐབ་བྱེད་མྱོང་བའི་ལས་བྱེད་མང་ཚོགས་4ལ་བཅར་འདྲི་བྱས་ཏེ། ཁོང་ཚོས་བརྗོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོའི”གཏམ་རྒྱུད་ལ་ཉན་པ་ཡིན།
གྲོང་མི་ཟླ་བ་རྒྱལ་མཚན་གྱིས་བརྗོད་དོན།
“སྲིད་ཇུས་བཟང་བས་ཕྱུག་འགྱུར་གྱི་སེམས་ ཤུགས་དེ་བས་ཆེ་རུ་ཕྱིན་སོང”
“ལོ་བཞིའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ངའི་ཁྱིམ་དུ་ཕེབས་པས་ང་ལ་འབད་འཐབ་ཆེན་པོ་བྱེད་པའི་སྐུལ་ལྕག་ཐེབས་བྱུང”ཞེས་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་བརྗོད་པ་དང་། ཁོང་གིས། “ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་དྲིན་གྱིས་ང་ཚོའི་འཕེལ་རྒྱས་ཀྱི་ལམ་བུ་དེ་བས་ཡངས་སུ་ཕྱིན་སོང་། སྲིད་ཇུས་བཟང་བས་ཕྱུག་འགྱུར་གྱི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་སོང་། ང་ཚོས་གོ་སྐབས་ལ་དམ་འཛིན་བྱས་ཏེ་ཡོང་འབབ་མང་དུ་ཧུར་ཐག་གཏོང་གི་ཡིན”ཞེས་བརྗོད།
ཟླ་བ་རྒྱལ་མཚན་ནི་ཁ་ལོ་བ་ཞིག་ཡིན་པས་ཁོང་གི་ཡོང་འབབ་མང་ཆེ་བ་སྐྱེལ་འདྲེན་ལས་ཡོང་གི་ཡོད། 2003ལོར། ཁོང་གིས་སྒོར་ཁྲི་6བཏང་སྟེ་ལྕགས་གཞོང་རླངས་འཁོར་དང་པོ་དེ་ཉོས། དང་ཐོག་ཁོང་གིས་གྲོང་ཁུལ་གྱི་བྱེ་རྡོ་ར་བ་ཞིག་ནས་བྱེ་མ་དབོར་ཏེ་བསྡད་ཅིང་། ལམ་ཐག་ཐུང་བར་བདལ་གླ་སྒོར་10དང་ཐག་རིང་བར་ཡང་བདལ་གླ་སྒོར་20ལས་རག་གི་མེད། འོན་ཀྱང་། ཆུ་ཐིགས་བསགས་ནས་རྒྱ་མཚོ་གྲུབ་པའི་དཔེ་ལྟར་ཁོང་གིས་བསགས་བསགས་གྲུང་གྲུང་བྱས་མཐར་ཐོག་མར་རླངས་འཁོར་ཉོ་སྐབས་གཡར་བའི་བུ་ལོན་ཚང་མ་འཕྲོད། ཉིང་ཁྲིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བསྟུན་ནས། ཟླ་བ་རྒྱལ་མཚན་གྱི་ཚོང་ཡང་སྔར་ལས་ཡག་ཏུ་སོང་། ལྕགས་གཞོང་ཆུང་བ་དང་ཆེ་བའི་བར་དང་དེ་ནས་ཕྱིས་སུ་འབྲད་འཁོར་སོགས་ཀྱང་ཉོས། ལོ་རེའི་སྐྱེལ་འདྲེན་གྱི་ཡོང་འབབ་ཀྱང་དེ་སྔའི་སྒོར་ཁྲི་གཅིག་གཉིས་ནས་ད་ཆའི་སྒོར་ཁྲི་བཅུ་གྲངས་བར་མང་དུ་ཕྱིན་ཡོད།
ཁྱིམ་གྱི་འཁོས་ཀ་ལེགས་སུ་དང་འཚོ་བ་ཕྱུག་ཏུ་ཕྱིན་པས། ཀ་ལ་གྲོང་ཚོའི་མི་རབས་རྗེས་མར་ཡང་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱེད་པའི་གོ་སྐབས་དེ་བས་མང་བ་བྱུང་ཡོད།
ཟླ་བ་རྒྱལ་མཚན་གྱི་བུ་ཕུར་བུ་ཚེ་རིང་ཆུང་དུས་ནས་ལུས་རྩལ་ལ་ཧ་ཅང་དགའ་པོ་ཡོད་པས། 2023ལོར་བོད་ལྗོངས་ལུས་རྩལ་སློབ་གྲྭར་སློབ་གཉེར་ལ་བསྐྱོད། ཕུར་བུ་ཚེ་རིང་གིས། “ང་ཚོའི་སློབ་སྦྱོང་དང་སྦྱོང་བརྡར་གྱི་ཆ་རྐྱེན་ཧ་ཅང་ཡག་པ་དང་། ལུས་རྩལ་སྒྲིག་ཆས་ཧ་ཅང་ཆ་ཚང་བས། ང་ལའང་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་པའི་གོ་སྐབས་མང་པོ་རག་གི་འདུག ངའི་ཕུགས་འདུན་ནི་ལས་རིགས་ལུས་རྩལ་པ་ཞིག་ཆགས་པ་བྱ་རྒྱུ་དེ་ཡིན་པས། ངས་ད་ལྟའི་སློབ་སྦྱོང་དང་སྦྱོང་བརྡར་གྱི་ཁོར་ཡུག་ལ་གཅེས་འཛིན་བྱས་ནས། གང་ནུས་ཅི་ནུས་ཀྱིས་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།
ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བརྗོད་དོན།
“ཁོར་ཡུག་ནི་རྒྱུ་ནོར་དང་ཁམ་བུའི་ མེ་ཏོག་ནི་མིང་བྱང་ཡིན”
ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་སྔོན་ཆད་གྲོང་ཚོའི་རི་སྐྱེས་ཁམ་སྡོང་དག་ལས“གསེར་གྱི་མེ་ཏོག”དེ་ལྟ་བུ་བཞད་ཡོང་སྙམ་པ་གཉིད་ལམ་དུའང་འཁོར་མྱོང་མེད།
ད་ཆ་ཀ་ལ་གྲོང་ཚོ་ནི་ས་གནས་དེ་གར་སྐད་གྲགས་ཆོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོ”ཞིག་ཡིན་ཞིང་། དཔྱིད་ཀ་ཤར་རིམ་བཞིན་ཁམ་སྡོང་གི་ཚོགས་ལ་མེ་ཏོག་ཁྲ་ཐིང་ངེར་བཞད་པའི་རྣམ་པ་ནི་ཆུ་འཛིན་ཚོམ་བུ་ས་སྟེང་དུ་འཕོས་པ་ལྟར་མཛེས་ཤིང་ལྟ་ན་སྡུག འགྲོ་ལམ་གྱི་གཞོགས་གཉིས་སུ་བཙུགས་པའི་ཕྲ་བཏབ་པ་ལྟར་གྱི་ཁྲོམ་བཀྱག་དེ་དག་ལས་འགའ་རེས་རིག་གནས་ཡུལ་སྐོར་ཐོན་རྫས་འཚོང་བ་དང་། འགའ་རེས་ས་གནས་དེ་གའི་ཡུལ་ཟོག་འཚོང་གི་ཡོད།
སྤེན་པས། “སྔོན་ཆད་གྲོང་མིས་མཛེས་ལྗོངས་ཁུལ་དུ་བཟའ་བཏུང་བྱེད་ས་འཛུགས་པ་དང་གསར་སྤེལ་བྱེད་རིང་རང་ཉིད་ཁོ་ནར་བརྟེན་དགོས་པས། ཚོང་གཉེར་ཚད་ལྡན་མེད་པ་མ་ཟད། ཁོར་ཡུག་ལའང་གཏོར་སྐྱོན་ངེས་ཅན་བཟོ་གི་ཡོད། ད་ཆ་རྣམ་གྲངས་ཚང་མ་གྲོང་ཚོའི་མཉམ་སྡེབ་ཀྱིས་གཉེར་སྐྱོང་བྱེད་པ་དང་། དངོས་ཟོག་གཅིག་གྱུར་ཉོ་སྒྲུབ་བྱེད་པ་མ་ཟད། ད་དུང་ཆེད་མངགས་གཙང་སྦྲ་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་ཡང་ཡོད། ལོ་རེའི་ཟླ་བ་དང་པོ་ནས་གསུམ་པའི་བར། ངས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཡུར་མ་ཡུར་བ་དང་། ཡལ་བཞུར་རྒྱག་པ། གད་སྙིགས་གཙང་སེལ་བཅས་བྱེད་ཀྱི་ཡོད། ཚང་མས་འདི་གར་རང་ཁྱིམ་ལྟར་གཙང་སྦྲ་བྱས་ནས་ཁམ་སྡོང་ལ་སྐྱེ་འཚར་ཁོར་ཡུག་དེ་བས་ལེགས་པ་སྐྲུན་འདོད་བྱེད་ཀྱི་ཡོད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པའི་རྨང་གཞིའི་ཐོག ཞབས་ཞུའི་ཆུ་ཚད་ཀྱང་མུ་མཐུད་མཐོ་རུ་བཏང་ནས། ལྗོངས་གཟིགས་སྤྲིན་ཟམ་དང་རྐང་ཐང་ལམ་སོགས་སྒྲིག་བཀོད་བསྐྲུན་ཏེ། རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཡུལ་ལྗོངས་སྦྲེལ་མཐུད་ཀྱིས་ཡུལ་སྐོར་ཉམས་ལེན་དེ་བས་སྣ་མང་ཕུན་སུམ་ཚོགས་སུ་བཏང་ཡོད།
“ཁོར་ཡུག་ནི་རྒྱུ་ནོར་དང་ཁམ་བུའི་མེ་ཏོག་ནི་མིང་བྱང་ཡིན་པས། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་ཡག་པོ་བྱེད་པ་དང‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་དེ་བས་ལེགས་པར་གཏོད་པའི་འདུ་ཤེས་དེ་གྲོང་མི་ཚང་མའི་སེམས་སུ་གཏིང་ཟབ་ཟུག་ཡོད”ཅེས་སྤེན་པས་བརྗོད།
དམངས་སྲོལ་གནས་ཚང་གཉེར་མཁན་ཚེ་གཡང་གིས་བརྗོད་དོན།
“མཛེས་སྡུག་ལྡན་པའི་སྒོ་ར་ཐུན་མོང་མ་ཡིན་པའི་ མཛེས་ལྗོངས་ཤིག་ཏུ་གྱུར་ཡོད”
2021ལོའི་ཟླ་གསུམ་པར། ཚེ་གཡང་གིས་རང་ཁྱིམ་གྱི་ཁང་པ་10ཀ་ལ་གྲོང་ཚོའི་དམངས་སྲོལ་གནས་ཚང་དང་པོར་སྒྱུར་བཀོད་བྱས། ཁོང་གིས། “ལོ་འདི་དག་རིང་། གྲོང་ཚོས་མ་དངུལ་རྒྱུན་མཐུད་བཏང་ནས་སྤྲིན་ཟམ་དང་རྐང་ཐང་ལམ་གསར་དུ་བསྐྲུན་པ་མ་ཟད། ད་དུང་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་རླངས་འཁོར་འཇོག་སའང་བསྐྲུན་ཡོད། སྔོན་ཆད་གྲོང་ཚོའི་རྣམ་པ་ཞན་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱང་འཐུས་སྒོ་ཚང་པོ་མེད་པའི་ཁར། ཆར་པ་འབབ་རིམ་བཞིན་གང་སར་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། ད་དུང་སྐབས་དེ་དུས་རྟག་པར་ཆུ་དང་གློག་ཆད་ཀྱི་ཡོད་པས། འཚོ་བའི་ཐད་གང་སར་ཅ་བསུན་པོ་ཡོད། འདི་ལྟ་བུའི་ཁོར་ཡུག་གིས་གྲོང་མི་ཚོའི་འཚོ་བར་ཤུགས་རྐྱེན་ཐེབས་པ་མ་ཟད། ས་ཆ་གཞན་གྱི་ཡུལ་སྐོར་བ་འདི་གར་ཡོང་འདོད་ཡོད་ཀྱང་འགྲོ་མཚམས་འཇོག་རྒྱུ་འཁེལ་གྱི་ཡོད”ཅེས་བརྗོད།
ཚེ་གཡང་དང་འདྲ་བར་གྲོང་མི་མང་པོ་ཞིག་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཀྱི་བཀའ་དྲིན་ལས་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་སྟེ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། ཉེ་བའི་ལོའི་རིང་། ཀ་ལ་གྲོང་ཚོས་སྒོ་རའི་དཔལ་འབྱོར་ཡག་པོ་བཏོད་དེ“ཡུལ་སྐོར+”གྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་མིར་བོད་བཟོའི་སྒོ་རའི་ཁུག་ཁུག་ཚང་མ་ཡག་པོ་སྤྱོད་པར་ཁྲིད་སྟོན་བྱས་པར། གྲོང་ཚོའི་དུད་ཚང་33ཚང་མས་འབྲས་ཤིང་བཏབ་པ་དང་། དམངས་སྲོལ་གནས་ཚང་ལས་དུད་ཚང་13གྱི་གྲོང་མིར་ཡོང་འབབ་བྱུང་ཡོད།
གསར་བརྗེའི་ཞིབ་སྦྱོང་འགྲེམས་ཁང་གི་གསལ་ འགྲེལ་བ་ཧོང་ཧའེ་ཧྥེན་གྱིས་བརྗོད་དོན།
“ལང་ཚོའི་སྟོབས་ཤུགས་གངས་ལྗོངས་ ས་མཐོར་འབུལ་གྱི་ཡིན”
“དེ་སྔ་ཀ་ལ་གྲོང་ཚོ་ནི་རི་མ་ལྡེབས་སུ་གནས་པས། འགྲིམ་འགྲུལ་སྟབས་བདེ་མེད་ལ། འཐུང་ཆུའི་ཐད་ལའང་དཀའ་ངལ་ཡོད། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཀ་ལ་གྲོང་ཚོ་རི་ལྡེབས་ནས་གཞུང་ལམ་འགྲམ་དུ་སྤོས། ད་ཆ་ཀ་ལ་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་འགྲམ་རྒྱུད་དུ་གནས་ཤིང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་12ལས་ཆོད་མེད། ཀ་ལ་གྲོང་ཚོའི་ད་ཆའི་འཕོ་འགྱུར་ནི་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཚོན་པའི་བསྡུས་རིས་ཤིག་རེད”ཅེས་ཀ་ལ་གྲོང་ཚོའི“མཐུན་སྒྲིལ་ལ་བསྟོད་པའི”གསར་བརྗེའི་ཞིབ་སྦྱོང་འགྲེམས་ཁང་ནང་ཧོང་ཧའེ་ཧྥེན་གྱིས་ས་དབྱིབས་བྱེ་གཞོང་སྟོན་གྱིན་ལྟ་སྐོར་བ་ཚོར་འགྲེལ་བཤད་རྒྱག་བཞིན་ཡོད།
ཧོང་ཧའེ་ཧྥེན་ནི་དེ་སྔོན་ཀ་ལ་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་ཞིག་ཡིན་ཞིང་། ད་ཆ་ཁོང་ནི་བྲག་ཡིབ་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་རེད་ལ། གསར་བརྗེའི་ཞིབ་སྦྱོང་འགྲེམས་ཁང་གི་འོས་འགན་གསལ་འགྲེལ་བ་ཞིག་ཀྱང་རེད།
ཧོང་ཧའེ་ཧྥེན་གྱིས་གྲོང་སྡོད་བྱེད་རིང་ཤེས་རྟོགས་བྱུང་བར། ཁམ་བུའི་མེ་ཏོག་དུས་ཆེན་ཤུགས་ཆེན་དར་བ་དེ་ནི་ཀོང་ཏུང་གི་རོགས་སྐྱོར་ལས་བྱེད་པ་སུན་ཧྲེ་ཧུང་དང་ཁ་བྲལ་ཐབས་མེད་པ་སྟེ། ཁོང་གིས་རུ་སྣེ་ཁྲིད་ནས་བརྟག་ཞིབ་ཐེངས་མང་བྱས་ཏེ། “ཐོན་ཁུངས་བསྡུ་སྒྲིལ་དང་། གྲོང་ཚོ་དང་མཛེས་ལྗོངས་མཉམ་འདྲེས། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཡོད། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་བོད་སྐྱོར་ལས་བྱེད་པས་མཉམ་དུ་འབད་བརྩོན་བྱས་རྗེས། ཀ་ལ་གྲོང་ཚོར་ཨར་འདམ་ལམ་བཏིང་པ་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་རླངས་འཁོར་འཇོག་ས་བསྐྲུན་པས། ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ཡོད།