རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུས་པ།
ཐོག་མའི་བསམ་འདུན་མ་བརྗེད་འགན་འཁྲི་འཁུར། འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་བསྐྱོད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་སུ། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས་ཏང་གི་འཁྲུངས་སྐར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་ཟབ་མོ་བྱེད་པ། ཏང་གི་མཛད་རྗེས་རླབས་པོ་ཆེར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་འབུལ་བ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་རབས་གསར་པའི་རྒྱང་ལམ་གསར་པར་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱས་ཡོད།
ཟླ་7ཚེས་1ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས“བདུན་གཅིག”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་རིམ་སྤེལ་བྱེད་སྒོ་སྤེལ་བ་དང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་བྱེད་སྒོ་འགོ་ཚུགས་པ་དང་། ཏང་ཡོན་ཡོངས་ཀྱིས་མཉམ་དུ“ཏང་ཞུགས་འཁྲུངས་སྐར”བཏང་བ་དང་བྱེད་སྒོ་སྤེལ་སར་ཏང་ཞུགས་འཁྲུངས་སྐར་གཱ་སྤྲད་དེ། ཚང་མར་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཐོབ་ཐང་དང་ཐོག་མའི་བསམ་འདུན་ནམ་ཡང་བརྟན་པོར་ངེས་དགོས་པའི་དྲན་སྐུལ་བྱས་ཡོད།
ཟླ་7ཚེས་1ཉིན་གྱི་སྔ་དྲོར། རྫོང་དགའ་གྲོང་མི་ཨུ་ལྷན་དུ་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས“བདུན་གཅིག”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་ཚགས་ཚུད་བྱས་ཏེ། ཏང་ཡོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ལས་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བར་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་བྱས་ཡོད། རྔམ་བརྗིད་ལྡན་པའི་ཏང་དར་མདུན་དུ་རྫོང་དགའ་གྲོང་མི་ཨུ་ལྷན་གྱི་ཏང་ཡོན་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད། སྐད་གདངས་གསལ་ལ་ཤུགས་ཆེ་བའི་དམ་བཅའི་ཚིག་ལས་རྫོང་དགའ་གྲོང་མི་ཨུ་ལྷན་ཏང་ཡོན་གྱི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་དད་སེམས་དང་འགྱུར་མེད་འབད་འཐབ་ཀྱི་ཆོད་སེམས་མངོན་ཡོད།
ཟླ་7ཚེས་1ཉིན་གྱི་ཞོགས་པར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་འོད་མདངས་བཀྲ་བའི་ཏང་རྟགས་བྲང་ཁར་བཏགས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོའི་དཔུང་ཁག་གི་གྲལ་མདུན་དུ་བསྡད་དེ་སྒྲེང་བཞིན་པའི་རྒྱལ་དར་ལ་མིག་ཟུང་ཅེར་བ་དང་། ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ལ་ལྟ་སྐབས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དྲོ་སྐྱིད་ཅིག་ཅར་དུ་ཚོར་ཡོད།
ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་དང་། བར་ག་གྲོང་རྡལ། ཧོར་གྲོང་རྡལ་བཅས་ཀྱི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའུ་ཡིས་མཉམ་དུ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་དར་རྒྱས་ལ་སྐུལ་འདེད་གཏོང་། གྲོང་སྡོད་དངོས་སྒྲུབ་ལས་འགན་སེམས་མངོན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་དང་གྲོང་སྡོད་རུ་མི་50ལྷག་ཙམ་དེའི་ནང་ཞུགས་ཡོད།
ཟླ་7ཚེས་1ཉིན། ས་མཐོའི་ཡུལ་གྲུ་གང་སར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། ཆབ་མདོ་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས“ལྷག་བསམ་རྣམ་དག་དང་། རྒྱུན་འཛིན། འབད་འབུངས་ཡར་བརྩོན”བཅས་བརྗོད་དོན་གཙོ་བོར་བྱས་ཏེ“བདུན་གཅིག”གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་དང་ལས་བཟོས་དུས་རབས་ཕྱེད་ཀ་ཙམ་གྲོང་མིའི་བདེ་ཐང་སྲུང་སྐྱོང་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ཟླར་རྗེས་དྲན་བྱས་ནས། གངས་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན་པའི་དམ་བཅའ་བཞག་པ་རེད།
ཟླ་7ཚེས་1ཉིན། ཏང་ཞུགས་དམ་བཅའ་འཇོག་པའི་མཛད་སྒོ་ཞིག་དྲག་ཆས་ཉེན་རྟོག་ཉིང་ཁྲི་ཉིང་ལག་རུ་ཁག་གི་ཏང་ཨུད་ལས་ཁུངས་དང་དམག་སྦྱོང་གི་འཐབ་ས་དང་པོར་དུས་མཉམ་དུ་སྤེལ་བ་དང་། ཏང་ཡོན་ཡོངས་ཀྱིས་ཏང་དར་ལ་ཕྱོགས་བཞིན་རྔམ་བརྗིད་ལྡན་པའི་སྒོ་ནས་དམ་བཅའ་བཞག་སྟེ། ཆབ་སྲིད་ལས་དོན་གྱི“སྲོག་རྩའི”ནུས་པ་ཆེན་པོར་བརྟེན་ནས་ཆབ་སྲིད་ཀྱི་སྤྲོ་སེམས་དམག་སྦྱོང་དམག་གྲབས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཡོད།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྦལ་ཆུང་གྲོང་ཚོར་ཏང་ཡོན་27གྱིས་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གི་སྒྲིག་འཛུགས་འོག “གསར་བརྗེའི་རྗེས་ཤུལ་འཚོལ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ཚོས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོར་བསྐྱོད་དེ་དམངས་གཙོའི་བཅོས་སྒྱུར་སྐོར་གྱི་ལོ་རྒྱུས་ཉན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁེ་གསུམ་གྲོང་ཚོས་རྒྱལ་ཁབ་ཀྱི་མ་དངུལ་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཟོག་འགྲེམས་དང་། འདེབས་འཛུགས། གསར་བརྗེའི་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བས་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། བཤམས་སྟོན་ཁང་གི་མདུན་དུ་ཏང་ཡོན་27གྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད།