སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་ལ་གངས་ལྗོངས་ས་མཐོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་ནང་དོན་ལས་ལྷག་བསམ་ཟོལ་མེད་དང་བརྩེ་བ་ཟབ་མོ་མཚོན་པ་དང་། ཡིག་འབྲུ་རེ་རེ་ལས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དང་ཐུགས་རེ་ཟབ་མོ་བཅོལ་ལུགས་མངོན། ནང་དོན་ཆ་ཚང་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཡར་སྐུལ་ཐེབས་པ་ཞིག་བཅས་ཡོད་པས། བོད་ཀྱི་འཕེལ་རྒྱལ་ལ་ཁ་ཕྱོགས་གསལ་པོ་སྟོན་གནང་བ་དང་སྒུལ་ཤུགས་ཆེན་པོ་བསྣན་པའི་ངོས་འཛིན་བྱེད་ཅིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་སྒུལ་ཤུགས་ཆེན་པོ་དང་བྱ་སྤྱོད་དངོས་ལ་ཏན་ཏིག་འགྱུར་བར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོར་སྤྲིངས་པའི་འཕྲིན་ལན་ནི་དཔྱིད་རླུང་ཇི་བཞིན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། མཐའ་མཚམས་ཀྱི་འཐབ་ས་དང་པོ་བརྟན་པོ་སྲུང་མཁན་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་གངས་རིའི་འདབས་ཀྱི་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་ཇི་ལྟར་གྱུར་པ་དང་། འདི་གར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱི་འཚོ་བ་ཇི་ལྟར་ཕྱུག་ཏུ་ཕྱིན་པ་ངས་དངོས་སུ་མཐོང་བྱུང”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ནོར་བུ་གཡང་འཛོམས་ཀྱིས་བརྗོད་ཅིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་ང་ཚོར་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་གནང་འདུག ཡིག་འབྲུ་རེ་རེ་དང་ཚིག་དུམ་རེ་རེ་ངའི་བློ་ལ་ཡོངས་སུ་བབས་སོང་། ངས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་ལུགས་ཞིང་ནང་མུ་ཁ་དང་ཁྱིམ་ཚང་ཚང་མར་བརྒྱུད་སྤྲོད་བྱས་ནས། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། ཡུལ་མི་ཚོ་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ། མེས་རྒྱལ་གྱི་རི་ཆུ་ཡག་པོ་སྲུང་བ་བཅས་བྱས་ཏེ། བདེ་སྐྱིད་ལྡན་པའི་འཚོ་བར་བརྟེན་ནས་ཏང་ཀྲུང་དབྱང་གི་དྲིན་ལན་འཇལ་གྱི་ཡིན”ཞེས་བློ་རྩ་བརྟན་ལ་སྤོབས་པ་ཆེན་པོས་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་སྤྲིངས་པའི་འཕྲིན་ལན་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། ཏང་གི་འགོ་ཁྲིད་འོག་ཀ་ལ་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱས་པས། བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ལས་ཞུགས་ཀྱི་འགག་རྩའི་ནུས་པ་ང་ཚོས་དངོས་འབྲེལ་ཚོར་བྱུང”ཞེས་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཁྲོམ་ར་དང་ལས་གཏོད་ཞབས་ཞུ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བསྟན་འཛིན་བློ་བཟང་གིས་བརྗོད་པ་དང་། ཁོང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་དེ་འགོ་འཛུགས་ས་གསར་པར་བརྩིས་ནས། འབྲེལ་ཡོད་སྲིད་ཇུས་སྔར་བས་དོན་འཁྱོལ་བྱེད་པ་དང་། ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཀ་ལ་གྲོང་ཚོ་དང་འདྲ་བའི་ས་ཆ་དེ་བས་མང་པོར་ལས་ཞུགས་ལས་གཏོད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བཅས་བྱས་ཏེ། དར་རྒྱས་གཏན་འཇགས་ཀྱི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་མི་སྤྱིའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནི་དྲོ་སྐྱིད་ལྡན་ལ་རབ་ཏུ་གསལ་བའི་འོད་མདངས་ཤིག་དང་འདྲ་བར་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་གསལ་པོར་འཕྲོ་ཡོད་ལ། ང་ཚོའི་སེམས་ལ་དྲོ་སྐྱིད་ཀྱང་སྦྱིན་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་སྐར་མ་གྲོང་ཚོའི་དྲ་ཚོང་སྙན་སྒྲོན་པ་ཚེ་རིང་སྐྱིད་ཀྱིས་དགའ་ཚོར་ཆེན་པོས་བརྗོད་པ་དང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། དད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་སོང་། འདི་ལས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག་དྲ་སྦྲེལ་ལ་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་ཕྱིར་འཚོང་བྱེད་པའི་ལམ་བུ་དེ་ཡང་དག་པ་ཞིག་ཡིན་པ་མ་ཟད། ལམ་བུ་དེར་སྐྱོད་ཐུབ་ངེས་ཡིན་པ་དང་། འབྱུང་འགྱུར་གྱི་ལམ་བུ་དེ་བས་ཡངས་སུ་འགྲོ་ངེས་ཡིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད་པ་རེད།
“‘བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད’ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་པའི་བཀའ་མོལ་འདི་ནི་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ཀྱི་སེམས་གཏིང་གི་སྐད་ཆ་ཡིན་ལ། ང་ཚོའི་ཐུན་མོང་གི་བསམ་ཚུལ་ཡང་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་དབྱིན་པོ་ཡིས་མྱོང་ཚོང་ཟབ་མོས་བརྗོད་པ་དང་། ཁོང་གིས“བབ་ཆགས་པའི་སྐད་ཆ་འདི་མ་གཞི་ཐུང་ཐུང་ཡིན་མོད། འོན་ཀྱང་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་འདུག ཏང་ཡོན་ཞིག་གི་ངོས་ནས། ངས་ཚེ་གང་རང་ཉིད་ཀྱི་ཕ་ཡུལ་གཉིས་པ་སྲུང་སྐྱོང་ཡག་པོ་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ། དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”ཞེས་བརྗོད་པ་རེད།