དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དགུ་པས་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ལ་མཉམ་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡེ་ཁྲོན་ཙེང་། ཙོའུ་ཡུན།   |     སྤེལ་དུས།  2025-07-02

    འདི་ནི་ཁུན་མིང་ཏེན་ཁྲེ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཡིན་པ།

    འདི་ནི་2025ལོའི་ཟླ་6ཚེས་21ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དགུ་པའི་འགྲེམས་ཁང་ནང་ལྟད་མོ་བས་འཁྲབ་སྟོན་བྱེད་བཞིན་པའི་འཕྲུལ་ཁྱིར་ལྟ་བཞིན་པ།

    ཉིན་ཤས་གོང་། ཡུན་ནན་ཁུན་མིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དགུ་པ(གཤམ་དུ“ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས”ཞེས་བསྡུ་རྒྱུ)འཚོགས་ཤིང་། སྐབས་འདིའི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཀྱིས་མུ་མཐུད“མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་དོན་གཉེར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སྒོ་དབྱེ་མཉམ་ལས་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་། ཐོན་ལས་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས། འཛད་སྤྱོད་ལ་སྐུལ་འདེད་བཅས་ཀྱི་ལས་སྟེགས་ཆེན་པོ་ལྔ་འཛུགས་སྐྱོང་གཏིང་ཟབ་བྱས་ནས། ས་ཁོངས་མཉམ་ལས་དེ་རིམ་པ་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད།

    “ཀྲུང་གོས་ས་ཁོངས་མཉམ་ལས་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད”

    སི་རི་ལན་ཁའི་ཇའི་ཚོང་པ་ཨ་ནུའུ་ལ་འདི་ལོ་སླར་ཡང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ནང་ཞུགས་ཡོད། ཁོང་གིས་གསར་འགོད་པར་རྒྱ་སྐད་ཆུ་རྒྱུག་རྒྱུག་ཅིག་བརྒྱབ་ནས“ང་ནི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཀྱི་མགྲོན་པོ་རྙིང་པ་ཡིན”ཞེས་བཤད།

    2013ལོར་ཇའི་ཚོང་ལམ་རྒྱ་ཆེར་གཏོང་ཆེད། ཨ་ནུའུ་ལས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དང་པོར་ཞུགས་རྒྱུའི་མིང་ཐོ་བཀོད་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་འཁྱེར་བའི་ཇ་པ་ཏིའི་ཐོན་རྫས་ལ་པེ་ཅིང་དང་ཧྲང་ཧའེ་སོགས་ཀྱི་ཚོང་པའི་དགའ་བསུ་ཐོབ་ནས་མགྱོགས་མྱུར་ཀྲུང་གོའི་ཁྲོམ་རར་རྐང་པ་བརྟན་པོ་ཞིག་འཛུགས་ཐུབ་ཡོད། ཨ་ནུའུ་ལས་དེའི་རྗེས་ཀྱི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཚང་མར་སྔ་ས་ནས་མིང་ཐོ་བཀོད་དེ་ཞུགས་ཀྱི་ཡོད།

    ལོ་དེ་དག་རིང་ཨ་ནུའུ་ལའི་ཚོང་ལས་སྔར་བས་དར་རྒྱས་སུ་ཕྱིན་པ་དང་། ཁོང་གིས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་ཡང་དངོས་སུ་བདེན་དཔང་བྱས་ཡོད། སྐབས་དང་པོ་ནས་སྐབས་དགུ་པའི་བར། ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཀྱི་འགྲེམས་ཁང་6ནས་16བར་མང་དུ་ཕྱིན་པ་དང་འགྲེམས་སྟོན་གྱི་རྒྱ་ཁྱོན་ཡང་སྨི་ངོས་གྲུ་ཁྲི་5ནས་སྨི་ངོས་གྲུ་ཁྲི་16བར་རྒྱ་ཆེར་ཕྱིན་ནས་ཀྲུང་གོ་དང་ས་ཁུལ་རྒྱལ་ཁབ་དབར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    སྐབས་འདིའི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ནང་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་73གྱི་ཁེ་ལས་2500ལྷག་ཙམ་ཞུགས་པ་དེ་དག་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཚང་མར་ཁྱབ་ཡོད། དེའི་ནང་འཛམ་གླིང་གི་ཁེ་ལས་རབ་གྲས་500དང་ཀྲུང་གོའི་ཁེ་ལས་རབ་གྲས་500སོགས་གྲགས་ཅན་ཁེ་ལས་དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་120ལྷག་ཙམ་ཡོད་པ་དེ་སྐབས་གོང་མ་ལས་36%འཕར་ཡོད།

    སི་རི་ལན་ཁའི་ཕྱི་འབྲེལ་དང་ཕྱི་རྒྱལ་ལས་ཞུགས་པུའི་པུའུ་ཀྲང་གཞོན་པ་ཨ་ལུང་·ཧོ་མ་ཆན་ཏེ་ལ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོཌ་ཀྱིས་རྒྱལ་ཁབ་ཁག་གི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ལ་ཁྱབ་སྤེལ་དང་འགྲེམས་སྟོན་གྱི་གོ་སྐབས་མཁོ་འདོན་བྱས་ནས་ས་ཁུལ་དང་རྒྱལ་ཁབ་ཁག་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། “ས་ཁོངས་མཉམ་ལས་ཁྲོད་ཀྲུང་གོས་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས་འབྱུང་འགྱུར་ལྗང་མདོག་ནུས་རྒྱུའི་ཕྱོཌ་སྒྱུར་དང་ཞིང་ལས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

    “ཀྲུང་གོའི་ཁྲོམ་རར་ཤེས་རྟོགས་གཏིང་ཟབ་དང་མཉམ་ལས་ཀྱི་གོ་སྐབས་འཚོལ་རྒྱུ་ཡིན”

    སྐབས་འདིའི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཐོག་བཟོ་སྐྲུན་ལས་རིགས་ཁང་དང་། ལྗང་མདོག་ནུས་རྒྱུ་ཁང་། ཀོག་ཧྥེ་ཐོན་ལས་ཁང་སོགས་ཆེད་ལས་ཁང་11བཙུགས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དབར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཅུང་ཆེ་བའི་སྔོན་ཐོན་བཟོ་སྐྲུན་དང་། ནུས་རྒྱུ་གཙང་མ། སྨན་བཅོས་ལུས་གསོ། དེང་རབས་ཞིང་ལས་སོགས་ཐོན་ལས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།

    ཡུན་ནན་ཡུན་ཐེན་ཧ་མེ་ཏོག་འདེབས་མཁན་ཟུར་སྦྱོར་རྒྱུ་ཆ་ཚན་རྩལ་ཚད་ཡོད་ཀུང་སི་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སུ་ཞུཌ་ཐེངས་དང་པོ་ཡིན་པའི་དབུས་ཤར་ས་ཁུལ་གྱི་མེ་ཏོག་རྒྱུ་ཆ་མཁོ་འདོན་ཚོང་པ་ཝེ་སེ་མེ་ཏོག་སོས་པ་ཀུང་སིས་སྒོར་དུང་ཕྱུར་1.5(མི་དམངས་ཤོག་སྒོར། གཤམ་དང་གཅིག་མཚུངས་ཡིན་པ)ཡི་མཉམ་ལས་གྲོས་མཐུན་བཞག་ཡོད། “ཡུན་ནན་གྱི་མེ་ཏོག་སྣ་ཁ་མང་བ་དང་སྤུས་ཚད་བརྟན་པོའི་ངང་ལེཌ་སུ་འགྲོ་བཞིན་ཡོད། གན་རྒྱ་བཞག་རྗེས་ང་ཚོས་ཡུན་ནན་གྱི་མེ་ཏོག་སོས་པའི་རྟེན་གཞིའི་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་མཁོ་སྤྲོད་བྱེད་ནུས་ལ་བརྟེན་ནས་ཡུན་ནན་གྱི་མེ་ཏོག་སོས་པ་རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་བྱེད་པར་རམ་འདེགས་བྱས་ཏེ། ཀྲུང་གོའི་མེ་ཏོག་སོས་པ་གང་མགྱོགས་འཛམ་གླིང་གི་ཁྲོམ་རར་འདོན་རྒྱུ་ཡིན”ཞེས་ཝེ་སེ་མེ་ཏོག་སོས་པ་ཀུང་སིའི་འགན་འཁུར་བ་ཞུས་ནན་གྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཐོག་ཚོང་དོན་གན་རྒྱའི་རྣམ་གྲངས་ཁག་153ལ་གན་རྒྱ་བཞག་པར་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་84.79ཟིན་པ་དང་། ལྗང་མདོག་ནུས་རྒྱུའི་རྣམ་གྲངས་ཁག་21ལ་གན་རྒྱ་བཞག་པར་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་220ལས་བརྒལ་ཡོད། ཚོགས་འདུའི་རིང་། RCEP(ཡུན་ནན)རྒྱལ་སྤྱིའི་ཚོང་དོན་མ་འཇོག་མཉམ་ལས་གླེང་སྟེགས་སྐབས་བཞི་པ་དང“ཡུན་ནན་ལ་མ་འཇོག་བྱེད་པའི”ཚོང་འགུགས་ཚོགས་ཆེན་སོགས་མ་འཇོག་ངོ་འཕྲད་གྲོས་མོལ་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ཁྱོན་མ་འཇོག་རྣམ་གྲངས་ཁག་30ལྷག་ཙམ་ལ་གན་རྒྱ་བཞག་པར་དངུལ་འབོར་སྒོར་དུང་ཕྱུར་130ལས་བརྒལ་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་རྒྱལ་ཁབ་རྣམ་གྲངས་མཐུན་སྦྱོར་པ་ཝང་ཅིན་ཡུས་ཀྱིས། “ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ནི་ཐོན་རྫས་འགྲེམས་སྟོན་གྱི་སྐར་ཁུང་ཞིག་ཡིན་པ་མ་ཟད། དེས་ཀྲུང་གོའི་ཁྲོམ་རར་ཤེས་རྟོགས་གཏིང་ཟབ་དང་མཉམ་ལས་ཀྱི་གོ་སྐབས་ཀྱང་འཚོལ་ཐུབ་པས། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་ཐུབ”ཅེས་བརྗོད།

    “མཛེས་པ་མ་ལུས་གཅིག་ཏུ་འདུས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག”

    ཁྱད་ཆོས་ལྡན་པའི་རྒྱན་གོས་དང་། རྒྱན་ཆ། ཇ་པ་ཏི། ཀོག་ཧྥེ་སོགས་ཀྱི་འགྲེམས་ཁང་དུ་སྐྱོད་སྐབས། རྒྱལ་ཁབ་མི་འདྲ་བའི་ཁྱད་ལྡན་ཐོན་རྫས་མང་པོས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད། ཡུན་ནན་མི་རིགས་སློབ་ཆེན་གྱི་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་ཕྱི་རྒྱལ་གྱི་དགེ་རྒན་ཉི་ལང་གིས“རྒྱལ་ཁབ་ཁག་གི་འགྲེམས་སྟོན་ཚོང་པ་དང་ལྟད་མོ་བ་མཉམ་དུ་འཛོམས་ནས་སྤེལ་རེས་དམ་ཟབ་བྱེད་ཀྱི་འདུག ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ནི་དཔལ་འབྱོར་ཚོང་དོན་གྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་ལ་མཛེས་པ་མ་ལུས་གཅིག་ཏུ་འདུས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཀྱང་རེད”ཅེས་མྱོང་ཚོར་ཟབ་མོའི་ངང་བརྗོད།

    སྐབས་འདིའི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཀྱིས“ཡུན་ནན་དུ་ཡུལ་སྐོར”ཞེས་པའི་འགྲེམས་ཁང་ཐོག་མར་བཙུགས་ཤིང་། དེ་གར་ཉིན་ལྟར་དམངས་སྲོལ་འཁྲབ་སྟོན་དང་། ཀོག་ཧྥེ་ཐོན་ལས་ཁང་དུ་ཕུའུ་ཨེར་དང་། པའོ་ཧྲན། ཏེ་ཧུང་། ལིན་ཚང་སོགས་ཡུན་ནན་གྱི་ཀོག་ཧྥེ་ཐོན་ཁུལ་ནས་ཡོང་བའི་ཁེ་ལས་མཉམ་དུ་འཛོམས་ནས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་ཚོང་པ་དང་ལྟད་མོ་བའི་ཡིད་དབང་བཀུག་ཅིང་། སྨན་བཅོས་ལུས་རྩལ་ལུས་གསོ་ཁང་དུ་ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་པོས་སྒྲིག་འཛུགས་བྱས་པའི་བདེ་ཐང་བརྟག་དཔྱད་བྱེད་སྒོས་ལྟད་མོ་བ་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    “ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཀྱིས་བཤམས་པའི་གསར་གཏོད་གྲུབ་འབྲས་གསར་པ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ། འདི་དག་ནི་རང་ཀོང་གྲོང་ཁྱེར་གྱིས་མཉམ་ལས་དང་། མ་འཇོག ཤེས་བྱ་སྤེལ་རེས་བཅས་དོན་གཉེར་ཧུར་ཐག་བྱེད་པའི་ཁྱབ་ཁོངས་ཀྱང་ཡིན”འབར་མའི་རང་ཀོང་གྲོང་ཁྱེར་གྱི་ཧྲི་ཀྲང་པའོ་ཐའེ་ཡིས། ཁུན་མིང་སོགས་མཛའ་གྲོགས་གྲོང་ཁྱེར་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་དང་། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར། རྒྱུན་མཐུད་ཆོག་པའི་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་སྔོག་འདོན་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།