ལ་ཏིང་མེ་གླིང་གི་ཀྲུང་གོའི་རིག་གནས་སྐོར་སྐྱོད་འགྲེམས་སྟོན་སྐབས་གསུམ་པ་པར་ཙིར་ཧྲེང་པོ་ལུའོ་རུ་འགོ་ཚུགས་པ།
ཟླ་6ཚེས་28ཉིན། ལ་ཏིང་མེ་གླིང་གི་ཀྲུང་གོའི་རིག་གནས་སྐོར་སྐྱོད་འགྲེམས་སྟོན་སྐབས་གསུམ་པ·པར་ཙིར་དུ་སྐྱོད་པའི་བྱེད་སྒོ་ཧྲེང་པོ་ལུའོ་ཀྲོའུ་ལི་སློབ་ཆེན་དུ་འགོ་ཚུགས་པ་རེད། བྱེད་སྒོར“དཔེ་དེབ་མཉམ་དུ་འགྲོགས། ཀྲུང་གོར་རྒྱུས་ལོན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་པ་དང་། པར་ཙིར་གྱི་རིག་གནས་སློབ་གསོའི་ལས་རིགས་ཀྱི་མི་སྣ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་འཐུས་མི། དེ་བཞིན་མཐོ་སློབ་ཀྱི་དགེ་སློབ་སོགས་མི་150ལྷག་ཙམ་བྱེད་སྒོར་ཞུགས་ཡོད། འགྲེམས་སྟོན་གྱིས་དཔེ་སྐྲུན་དང་། རིག་གནས་བསམ་བཀོད། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བཅས་ནང་དོན་ཁག་གསུམ་ལ་དམིགས་ཏེ། ཕོར་ཐིའུ་ཀལ་གྱི་ཡི་གེ་དང་། རྒྱ་ཡིག་དང་ཕོར་ཐིའུ་ཀལ་གྱི་ཡི་གེ་ཤན་སྦྱར་མ་སོགས་ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་དང་། བྱིས་པའི་ཀློག་དེབ། རྒྱ་ཡིག་བསླབ་གཞི་སོགས་རིགས་500དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང“རྒྱལ་སྲོལ”གྱི་གཞི་རྒྱུ་མཚོན་པའི་རིག་གནས་བསམ་བཀོད་ཐོན་རྫས་རིགས་100འགྲེམས་སྟོན་བྱས་ཡོད།
“དཔེ་དེབ་དང་། རིག་གནས་བསམ་བཀོད། སྒྱུ་རྩལ་འཁྲབ་སྟོན་བཅས་ཀྱིས་ང་ཚོར་ཤེས་བྱ་དང་སྤྲོ་སྣང་སྦྱིན་པ་མ་ཟད། དེ་དག་ལས་ཀྲུང་གོའི་རིག་གནས་ཀྱི་སྣ་མང་རང་བཞིན་ཡང་ཚོར་ཐུབ་བྱུང”ཞེས་ཧྲེང་པོ་ལུའོ་ཀྲོའུ་ལི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཡོན་ཀྲང་ལུའུ་དབྱི་སི·ཨན་ཏུང་ཉི་ཨའོ·པའོ་ལི་ནུའོ་ཡིས་བརྗོད་པ་དང་། ཐེངས་འདིའི་སྐོར་སྐྱོད་འགྲེམས་སྟོན་གྱིས་མི་དེ་བས་མང་བས་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་ལེའུ་མཛེས་ཤོས་ཤིག་མཐོང་དུ་བཅུག་ཡོད།